བོད་ཀྱི་དམངས་ཁྲོད་ལྷ་རིས་པའི་སློབ་སྦྱོང་འཚོ་བའི་ཁྲོད་ཀྱི་དེང་རབས་འཕེལ་ཕྱོགས།
སྐབས་དང་པོའི་བོད་ཀྱི་ཐང་གའི་རྒྱུན་འཛིན་པའི་གླེང་སྟེགས་ཀྱི་ཡུལ་དངོས།
ན་གཞོན་ལྷ་རིས་པ་རྣམས་ཀྱིས་གླེང་སྟེགས་ཀྱི་གནས་ཚུལ་ཆ་ཚང་གློག་རྡུལ་ཐོན་རྫས་ནང་འཇུག་བཞིན་པ།
ཟླ6པའི་ཚེས12ཉིན། སྐབས་དང་པོའི་བོད་ཀྱི་ཐང་གའི་རྒྱུན་འཛིན་པའི་གླེང་སྟེགས་ལྷ་ས་ནས་བསྡུས། བོད་ལྗོངས་ཀྱི་ཐང་གའི་འབྲི་ལུགས་སོ་སོའི་རྒྱུན་འཛིན་པ་དང་གཙགས་དྲུབ་ཀྱི་རྒྱུན་འཛིན་པ་ཚོས་མཉམ་དུ་བོད་ལྗོངས་ཀྱི་ཐང་ག་སྒྱུ་རྩལ་གྱི་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་སོགས་ཀྱི་སྐོར་ནས་གྲོས་སྡུར་བྱས། གླེང་སྟེགས་སྟེང་ཞུགས་པའི་མི་ཐོག་གསར་བའི་ཐང་གའི་རྒྱུན་འཛིན་པ་དང་དམངས་ཁྲོད་ཀྱི་ལྷ་རིས་པ་དག་གིས་གླེང་སྟེགས་ཀྱི་གནས་ཚུལ་ཆ་ཚང་ཁོ་ཚོའི་གློག་རྡུལ་ཐོན་རྫས་ནང་འཇུག་བཞིན་མཆིས།
བོད་ཀྱི་སྨན་ཐང་ལུགས་ཀྱི་ལྷ་རིས་རྒྱུན་འཛིན་པ་གྲགས་ཅན་བོད་ལྗོངས་སློབ་གྲྭ་ཆེ་མོའི་སྒྱུ་རྩལ་སྡེ་ཁག་གི་སློབ་དཔོན་ཆེན་མོ་བསྟན་པ་རབ་བརྟན་ལགས་དང་། ཀརྨ་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་མི་ཐོག་བཅུ་པ་ཀརྨ་བདེ་ལེགས་དང་། སྨན་གསར་ལུགས་ཀྱི་རྒྱུན་འཛིན་པ་བོད་ལྗོངས་ཐང་ག་གླིང་གི་ཡོན་ཀྲང་ནོར་བུ་སྲིད་ཐར། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་གི་སློབ་དཔོན་གཞོན་པ་ངག་དབང་འཇིགས་མེད་སོགས་ཀྱིས་གླེང་སྟེགས་སྟེང་སྔ་གཞུག་ཏུ་གཏམ་བཤད་གནང་། ཁོ་ཚོའི་གསུང་བཤད་ལས་མི་ཐོག་གསར་བའི་ཐང་གའི་སྒྱུ་རྩལ་གྱི་རྗེས་འཛིན་པ་དག་ལ་རེ་བཞག་དང་མཛུབ་སྟོན་བྱེད་ཀྱིན་པ་རྟོགས་ཐུབ།
སྨན་གསར་ལུགས་ཀྱི་ཐང་གའི་ཁྱིམ་རྒྱུད་ཀྱི་རྒྱུན་འཛིན་མི་ཐོག་ལྔ་པ་དཀོན་མཆོག་ལགས་ཀྱིས་གསར་འགོད་པར་བཤད་དོན། “སྐབས་དང་པོའི་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་གྲུབ་འབྲས་འགྲེམ་སྟོན་རྒྱལ་ཁའི་ངང་སྤེལ་བ་དེས་ང་ཚོས་ཐང་གའི་སྒྱུ་རྩལ་གྱི་སྲུང་སྐྱོབ་དང་རྒྱུན་འཛིན། དེ་མིན་དེང་ཕྱིན་ཆད་མུ་མཐུད་དུ་འཕེལ་རྒྱས་འགྲོ་བ་ལ་ཡང་གོ་སྐབས་ལེགས་པོ་ཤིག་བསྩལ་བ་དང་། ལྷག་པར་དུ‘སྐབས་དང་པོའི་བོད་ཀྱི་ཐང་གའི་རྒྱུན་འཛིན་པའི་གླེང་སྟེགས’དང་། ལྗོངས་ཡོངས་ཀྱི་གྲུབ་མཐའ་སོ་སོའི་རྒྱུན་འཛིན་པ་དང་ལྷ་རིས་པར་སློབ་སྦྱོང་དང་བརྗེ་རེས་ཀྱི་སྡིངས་ཆ་ཞིག་བསྐྲུན་པ་དང་། བསྟན་པ་རབ་བརྟན་དང་ཀརྨ་བདེ་ལེགས་སོགས་རྒན་རབས་པ་དག་གི་གསུང་བཤད་ཀྱིས་ང་ཚོར་རྟིང་སྐུལ་ཟབ་མོ་ཐེབས་སོང་།” ཞེས་ཟེར།
ན་གཞོན་ལྷ་རིས་པ་རྣམས་ཀྱིས་གླེང་སྟེགས་ཀྱི་གནས་ཚུལ་ཆ་ཚང་གློག་རྡུལ་ཐོན་རྫས་ནང་འཇུག་བཞིན་པ།
གསར་འགོད་པས་གྲོས་ཚོགས་སྟེང་ན་གཞོན་ལྷ་རིས་པ་མང་པོས་དེང་སང་དར་ཁྱབ་ཆེ་བའི་གློག་རྡུལ་ཐོན་རྫས་རིགས་མི་འདྲ་སྤྱད་དེ་ནན་ཏན་གྱིས་ཐེངས་འདིའི་སློབ་སྦྱོང་འཚོ་བའི་བརྒྱུད་རིམ་ཁྲོད་ཀྱི་དུས་སྐབས་གལ་ཆེན་དག་ཟིན་ཐོར་འགོད་ཀྱིན་པ་མཐོང་།
བོད་ལྗོངས་ཀྱི་དམངས་ཁྲོད་ལྷ་རིས་པ་མང་པོ་ཞིག་སློབ་གྲྭ་ཆེས་ཆེར་འགྲིམ་མྱོང་མེད་པ་དང་། ཁོ་པ་ཚོ་ཆུང་དུས་ནས་ཐང་གའི་དགེ་རྒན་དག་གི་རྗེས་འབྲངས་ནས་སེམས་པ་རྣལ་ལ་ཕབ་སྟེ་རི་མོའི་འབྲི་རྩལ་སྦྱངས་པ་དང་། དེའི་ཞོར་དུ་འབྲེལ་ཡོད་ཀྱི་ཤེས་བྱ་སྦྱངས་པ་རེད། ཁོ་ཚོར་མཚོན་ན་དེང་རབས་ཅན་ཞེས་པ་ནི་རྒྱུས་མེད་དང་ལྐོག་གྱུར་གྱི་བརྡ་ཆད་ཅིག་ཡིན་སྲིད་ནའང་། དེང་རབས་ཀྱི་གློག་རྡུལ་ཐོན་རྫས་དག་གིས་རང་ཉིད་ཀྱི་དྲན་ཤེས་སོར་བཞག་བྱས་པ་དེས་ཁོ་ཚོས་སློབ་སྦྱོང་བྱེད་པར་སྟབས་བདེ་བསྐྲུན་པ་དང་། ཁོ་ཚོས་དེང་རབས་ཅན་གྱིས་འཁྱེར་ཡོང་བའི་སྟབས་བདེ་ལ་བརྟེན་ནས་མུ་མཐུད་དུ་ཆེས་རྙིང་པ་དང་སྲོལ་རྒྱུན་གྱི་དམངས་ཁྲོད་རི་མོའི་འབྲི་རྩལ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དེ་ནི་ཁོ་ཚོའི་འཚོ་བ་དང་ཁོ་ཚོས་མི་ཚེ་གཅིག་ལ་རེ་སྙེག་དང་སྲུང་འཛིན་བྱེད་པའི་ལོངས་སྤྱོད་ཡིན་པ་དེ་བས་ཀྱང་ངོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com