ལྷ་ས་རུ་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྤེལ་འཆར་ཡོད་པ།
ཐང་གའི་སྒྱུ་རྩལ་བརྩམས་ཆོས།
བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱིས་སྒྲུབ་པའི“བསམ་པ་མྱུར་འགྲུབ”ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་དེ་ཟླ7པའི་ཚེས20ཉིན་ལྷ་སའི་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་རྒྱུ་ཡིན་ཞིང་། མིག་སྔར་འགྲེམ་སྟོན་གྱི་བྱ་བ་སོ་སོ་སྟ་གོན་བྱེད་པའི་སྒང་ཡིན།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་དུ་བོད་ལྗོངས་ཀྱི་ཁྱད་དུ་འཕགས་པའི་ཐང་གའི་སྒྱུ་རྩལ་གྱི་ཕུལ་བྱུང་ཐང་ག་དང་ལྷ་རིས་སྒྱུ་རྩལ་པ་དག་ཞུགས་པ་འདིས་ད་ལོའི་བོད་ལྗོངས་ཀྱི་གལ་ཆེའི་རིག་གནས་ལས་གཞི་སྟེ“ཐང་ག་གསར་བ་བརྒྱ་ཐམ་པ”ཞེས་པར་རྨང་གཞིའི་རང་བཞིན་གྱི་དུས་སྔོན་བྱ་བ་བསྒྲུབས་པ་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་སྒྱུ་རྩལ་ཁྱབ་ཁོངས་ཀྱི་རིག་གཞུང་གོ་གནས་བརྩོན་ལེན་བྱེད་པར་རྨང་གཞི་བཏིངས།
ཐང་གའི་སྒྱུ་རྩལ་བརྩམས་ཆོས།
བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སྤན་པས་བཤད་རྒྱུར། 2007ལོ་ནས2011ལོའི་བར་བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱིས་ལས་སྒྲུབ་མི་སྣ་རྩ་འཛུགས་དང་ལས་བགོས་བྱས་ཏེ་དམངས་ཁྲོད་དུ་ཐང་གའི་སྒྱུ་རྩལ་སྐོར་གཟིགས་ཞིབ་རྟོག་དཔྱད་བྱས་པ་དང་། དེའི་མཚུངས་སུ་པེ་ཅིང་སོགས་ས་ཁུལ་དུ་ཁྱབ་རྒྱ་ཆུང་འབྲིང་གི་སྒོ་ནས་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱས་ནས་འབྲས་བུ་ལེགས་པོ་བྱུང་།
འབྲེལ་ཡོད་མི་སྣས་ཐེངས་འདིའི་ཐང་ག་འགྲེམ་སྟོན་གྱི་ཞིབ་ཕྲའི་སྐོར་བགྲོ་གླེང་བྱེད་པ།
2011ལོའི་ཟླ4བར། དམངས་ཁྲོད་ཐང་གའི་སྒྱུ་རྩལ་པས་རྩ་འཛུགས་བྱས་པའི་ཚབ་བྱེད་པས་བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ལ་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱེད་པར་ཡར་ཞུ་བྱས་ནས་མཆོག་མཆན་ཐོབ་རྗེས། བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱིས་སྨན་ཐང་ལུགས་ཀྱི་ལྷ་རིས་སྒྱུ་རྩལ་པ40ལྷག་རྩ་འཛུགས་གནང་བ་དང་། འགྲེམ་སྟོན་གྱི་ནང་དོན་གཏན་འཁེལ་བྱས་པ་མ་ཟད་ད་ལྟའི་བར་བརྩམས་ཆོས132ལྷག་བསྡུ་ལེན་བྱེད་ཐུབ་པ་བྱུང་།
བོད་ལྗོངས་ཀྱི་རིམ་པ་གཉིས་པའི་ཐང་གའི་སྒྱུ་རྩལ་པ་
ཞ་ལུ་དབང་འདུས་ཀྱིས་ཐང་ག་བཞེངས་པ།
འདི་ལྟ་བུའི་འགྲེམ་སྟོན་བྱ་འགུལ་སྤེལ་པར་བརྒྱུད། སྒྱུ་རྩལ་པ་རྣམས་ཀྱིས་རིག་གནས་དང་། ལག་རྩལ། ནང་དོན། དེ་མིན་ཐང་ག་བཞེངས་སྐྲུན་བྱེད་པའི་གོ་རིམ་ཁྲོད་ཀྱི་སྤྱོད་སྟངས་ཉམས་ལེན་དང་། མང་ཚོགས་ཀྱིས་བོད་ལྗོངས་ས་གནས་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་ཐད་སྔར་ལས་ལྷག་པར་རྒྱུས་ལོན་ཟབ་མོ་བྱེད་པར་དོན་སྙིང་ཆེན་མོ་ལྡན།
བར་སྐོར་གྱི་བླ་བྲང་རྙིང་པའི་ཁང་བ་ཞིག་ཏུ་བོད་ལྗོངས་ཀྱི་རིམ་པ་གཉིས་པའི་ཐང་གའི་སྒྱུ་རྩལ་པ་ཞ་ལུ་དབང་འདུས་དང་ཁོའི་སློབ་ཕྲུག་གཉིས་ཐེངས་འདིའི་འགྲེམ་སྟོན་ལ་ཞུགས་པར་གྲ་སྒྲིག་བྱེད་ཀྱི་ཡོད་ཅིང་། འདི་ལྟ་བུའི་འགྲེམ་སྟོན་ལ་ཞུགས་ན་སློབ་ཕྲུག་རྣམས་ཀྱི་སློབ་སྦྱོང་གི་རང་རྟོགས་དང་རང་རློམ་ཆེར་བསྐྱེད་ཐུབ་པས་རྟག་ཏུ་དངོས་ཁྲིད་བྱེད་པ་དང་ཟུང་སྦྲེལ་བྱས་ན་ཕན་འབྲས་ལྷག་ཏུ་ལྡན་པར་བརྗོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com