སྐབས་དང་པོའི་སྐ་ཆུ་རྟགས་མའི་བོད་འགྲིག་འགྲན་སྡུར་སྤེལ་བ།

རྩོམ་པ་པོ།:འཇམ་དབྱངས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-15 11:25:00 ཀློག་གྲངས།:


སྐབས་དང་པོའི་སྐ་ཆུ་རྟགས་མའི་བོད་འགྲིག་འགྲན་སྡུར་མགོ་རྩོམ་མཛད་སྒོ

        འགྲིག(ཁ་སྐད་དུ“འགྱིག”ཟེར)ནི་བོད་མང་ཚོགས་ཁྲོད་དུ་སྒོས་སུ་སྐྱེས་པ་རྣམས་ཀྱིས་དགའ་བསུ་ཐོབ་པའི་རྩེད་མོའི་རིག་གནས་བྱེ་བྲག་ཅིག་སྟེ། འབྲེལ་ཡོད་བཤད་ཚུལ་ལྟར་ན་བཙན་པོའི་བང་སོ་ལས་རྙེད་པར་བཤད་པས་ལོ་རྒྱུས་རིང་ཞིང་། རིགས་དང་རྣམ་པ་མི་འདྲ་བ་མང་དུ་ཡོད་མོད། ཨ་མདོ་རྔ་ཁུལ་སྐ་གཞོངས་འབྲོག་ཁུལ་དུ་དར་ཁྱབ་ཆེ་བ་ནི་སྒམ་འགྲིག་རེད།
        ཟླ1པོའི་ཚེས12ཉིན། མདོ་སྨད་ཨ་མདོ་རྔ་ཁུལ་སྐ་ཆུ་རྫོང(ཧུང་ཡོན)གི་རིག་གནས་ལུས་རྩལ་དང་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཅུའུ་ཡི་འཐུས་སྒོ་ཚང་བའི་རྩ་འཛུགས་འོག་བོད་ཀྱི་དམངས་ཁྲོད་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་དར་སྤེལ་གཏོང་ཆེད། རྫོང་ཡོངས་ལ་ཁ་ཕྱོགས་ཏེ་སྒམ་འགྲིག་གིས་སྐབས་དང་པོའི་སྐ་ཆུ་རྟགས་མའི་བོད་འགྲིག་འགྲན་སྡུར་སྤེལ།

སྐབས་དང་པོའི་སྐ་ཆུ་རྟགས་མའི་བོད་འགྲིག་འགྲན་སྡུར་སྤེལ་བ།
བོད་འགྲིག་འགྲན་སྡུར་བྱེད་པ།

        འགྲན་སྡུར་དེར་གཞི་རིམ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་སྟེ། སྡེ་བ་དང་ཡུལ་ཚོ་སོ་སོའི་དམངས་ཁྲོད་འགྲིག་པ་རྣམས་དགའ་སྤྲོ་འུར་ལོང་གིས་རྫོང་མི་དམངས་ལུས་རྩལ་ཁང་ཉིས་ཐོག་གི་བར་ཁྱམས་ཉི་འོད་འཁྱིལ་དུ་འགྲན་ཞུགས་མི་གྲངས31ཟིན། འགྲིག་གཤིབ་ཀྱི་འགྲན་རྩོད་བྱ་རིམ་ལ། ཐོག་མར་ཚོ་ཆུང་བརྒྱད་དུ་བགོས་ཤིང་། ཚོ་ཆུང་རེ་ལ་འགྲིག་པ4རེ་ཡོད། ཚོ་ཆུང་རེ་རེའི་ནང་ནས་འགྲིག་པ་ཚོས་བཞི་ཐུག་གིས་འགྲན་རྩོད་བྱས་མཐར་ཨང་དང་པོ་དང་གཉིས་པ་ལ་འགྲན་སྡུར་བར་མའི་ནང་དུ་ཞུགས་རྒྱུའི་སྐལ་བ་ཐོབ། བར་དུ། འགྲིག་པ18སླར་ཡང་རྒྱན་འཕེན་གྱིས་ཚོ་ཆུང་བརྒྱད་དུ་བགོས་ཤིང་། ཚོ་ཆུང་རེ་ལ་འགྲིག་པ2རེ་ཡོད། དེ་ཚོར་ཕོ་འཇུ་མོ་འཇུ་ཐེངས་གསུམ་གྱིས་རྒྱལ་ཕམ་རྩོད་ཏུ་བཅུག་མཐར་རྒྱལ་ཁ་ཐོབ་མཁན་འགྲིག་པ8བྱ་དགའ་རྩོད་པའི་རིམ་པར་ཞུགས། དེ་ནས། སླར་ཡང་རྒྱན་འཕེན་གྱིས་འགྲིག་པ8ཚོ་ཆུང4རུ་བགོས་ཏེ་འགྲན་ཐེངས་གཅིག་གིས་འགྲིག་པ4ཨང་དང་པོ་ནས་བཞི་པའི་བར་གྱི་མཐོ་རིམ་འགྲན་རར་བདམས་ཐོན་བྱུང་བ་དང་། ལྷག་མའི་འགྲིག་པ4ཨང་ལྔ་བ་ནས་བརྒྱད་པའི་བར་གྱི་དམའ་རིམ་འགྲན་རར་ཞུགས། 


སྐབས་དང་པོའི་སྐ་ཆུ་རྟགས་མའི་བོད་འགྲིག་འགྲན་སྡུར་གནས་ཚུལ།

        མཐར། ཚེས14ཉིན་གྱི་ཕྱི་དྲོར། རྟིང་རྩོད་འགྲན་སྡུར་ཏེ། མཐོ་རིམ་འགྲན་རའི་འགྲན་ཞུགས་པ་ཚོས་བཞི་ཐུག་གིས་ཨང་དང་པོ་ནས་བཞི་པའི་བར་གྱི་རིམ་པ་བརྩད་པ་དང་། དེ་བཞིན་དམའ་རིམ་འགྲན་རའི་འགྲན་ཞུགས་པ་ཚོས་ཨང་ལྔ་པ་ནས་བརྒྱད་པའི་བར་གྱི་རིམ་པ་བརྩད་མཐར། ཨང་དང་པོ་འཇིགས་འཕྲིན་ལ་དམངས་སྒོར2000དང་། ཨང་གཉིས་པ་ཚེ་པེ་ལ་སྒོར1500། ཨང་གསུམ་པ་འཆི་མེད་རྡོ་རྗེ་ལ་སྒོར1000། ཨང་བཞི་བ་འཇམ་དབྱངས་ལ་སྒོར800། ཨང་ལྔ་བ་སངས་ལོ་ལ་སྒོར600། ཨང་དྲུག་པ་དབང་པེ་ལ་སྒོར400།  ཨང་བདུན་པ་ལྷ་མོ་དོ་ལ་སྒོར200།  ཨང་བརྒྱད་པ་དཔལ་འཛིན་ལ་སྒོར100བཅས་ཀྱི་བྱ་དགའ་བསྩལ་པ་དང་། ཤན་འབྱེད་པ་བརྒྱད་ལའང་གཟིགས་བཟོས་དགའ་རྟགས་གནང་སྟེ་རྒྱལ་ཁའི་ངང་ཐེངས་འདིའི་སྐ་ཆུ་རྟགས་མའི་བོད་འགྲིག་འགྲན་སྡུར་ཡོངས་སུ་མཇུག་བསྡུས།
        སླད་མར་ཡང་བོད་ཀྱི་དམངས་ཁྲོད་རིག་གནས་དང་སྒོས་སུ་འགྲིག་ལྟ་བུའི་རྩེད་མོའི་རིག་གནས་མི་ཉམས་དར་སྤེལ་བྱས་ཏེ་ས་ཁུལ་རྩེད་རིགས་ཤིག་ནས་བོད་སྤྱི་དང་དེ་ལས་བརྒལ་ཏེ་དེང་རབས་ཚན་རིག་ཅན་གྱི་རྩེད་རིགས་སུ་རྒྱ་ཆེར་སྤེལ་རྒྱུ་ལ་འབད་རྒྱུར་ཡང་ཡང་འབོད་དོ།།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།