མཚོ་སྔོན་པོ་དྲ་བས་བོད་ཆུ་སྦྲུལ་ལོའི་ལོ་སར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-02-09 09:21:00 ཀློག་གྲངས།:

མཚོ་སྔོན་པོ་དྲ་བས་བོད་ཆུ་སྦྲུལ་ལོའི་ལོ་སར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བ།
མཚོ་སྔོན་པོ་དྲ་བ་གསར་སྐྲུན་པ་ཚེ་ལོ་ལགས་ཀྱིས་ཤིས་ཚིག་ཕུལ་བ།

        བོད་ཆུ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ཀྱི་ཉིན་མོ་འདི་ལ། ངས་མཚོ་སྔོན་པོ་དྲ་བའི་ལས་མི་ཡོངས་ཀྱི་ཚབ་བྱས་ནས་ཉེ་རིང་ཕྱོགས་བཅུའི་རིགས་མཐུན་སྤུན་ཟླ་ཡོངས་ལ་ལོ་གསར་བའི་ནང་འཛོམས་གསུམ་འཛོམས་པའི་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་གཡང་འབོད་དོ།།

                                         སྦྲུལ་གྱི་ལོ་ལ་བཀྲ་ཤིས་རྟེན་འབྲེལ་འགྲིག །
                                         ལོ་ལོན་རྒན་རྣམས་སྐུ་ཚེ་ཕྱཱ་བསོད་རྒྱས། །
                                         གཞོན་དར་ཀུན་ནི་བློ་རིག་རབ་གྲོལ་ཏེ། །
                                         ཡོན་ཏན་འཕེལ་ཞིང་དགེ་མཚན་རྟེན་འབྲེལ་རྒྱལ། །
                                         བདེ་ལེགས་ཕུན་ཚོགས་བཀྲ་ཤིས་རྒྱས་འཛོམས་ཤོག །


                                         སྦྲུལ་གྱི་ལོ་ལ་བཀྲ་ཤིས་རྟེན་འབྲེལ་འགྲིག །
                                         བོད་ཡུལ་ས་ལའི་སྨན་ལྗོངས་ཕྱུག་མོ་རུ། །
                                         བྱམས་སེམས་རྒྱུད་ལ་འཇགས་པའི་མགོ་ནག་ཚོགས། །
                                         ལེགས་ཚོགས་དགེ་ལེགས་དཔལ་བཟང་རབ་སྤེལ་ཞིང་། །
                                         རིག་པའི་གནས་རྣམས་འཛིན་སྐྱོང་རྒྱས་འཛོམས་ཤོག །


                                         སྦྲུལ་གྱི་ལོ་ལ་བཀྲ་ཤིས་རྟེན་འབྲེལ་འགྲིག །
                                         ཐན་ཞོད་འཇགས་ཤིང་འབྲུ་དྲུག་ལོ་ལེགས་འཕེལ། །
                                         ཕྱུག་ལ་གོད་མེད་རྟ་ནོར་གཡང་གིས་ཁེངས།།
                                         འབྱུང་བཞིའི་འཚེ་ཞི་སྣོད་བཅུད་ཕུན་ཚོགས་ཤིང་།།
                                         དཔལ་དང་ལོངས་སྤྱོད་དབྱར་མཚོ་རྒྱས་འཛོམས་ཤོག།


                                         སྦྲུལ་གྱི་ལོ་ལ་བཀྲ་ཤིས་རྟེན་འབྲེལ་འགྲིག །
                                         ཤེས་ལྡན་ཚོགས་རྣམས་དྲན་ཤེས་མ་བརྡིབས་བར། །
                                         རིག་གནས་ཆེ་ཆུང་བཅུ་ལ་བརྩོན་མཛད་ཀྱིས། །
                                         ཕན་དང་བདེ་བར་གཟུར་མེད་བློས་བསླང་ངང་། །
                                         མཛད་བཟང་ཡར་ངོའི་ཟླ་ལྟར་རྒྱས་འཛོམས་ཤོག །


                                         སྦྲུལ་གྱི་ལོ་ལ་བཀྲ་ཤིས་རྟེན་འབྲེལ་འགྲིག །
                                         ཆ་འཕྲིན་དུས་ཀྱི་དགེ་ལེགས་རབ་སྤེལ་ཏེ། །
                                         དྲ་རྒྱའི་སྡིངས་ན་རིག་གནས་ཆེར་སྤེལ་ཅིང་། །
                                         དགེ་ལ་སྦྱོར་མཛད་རིགས་མཐུན་གཞིས་བྱེས་ཡོངས། །
                                         གནམ་ལོ་གསར་བར་ཇི་བསམ་རྒྱས་འཛོམས་ཤོག །


                                         སྦྲུལ་གྱི་ལོ་ལ་བཀྲ་ཤིས་རྟེན་འབྲེལ་འགྲིག །
                                         ལྷག་དོན་སྡིངས་འདིར་ཐུགས་ཁུར་གནང་མཛད་པའི། །
                                         གསར་འགོད་པ་དང་ཀློག་པོ་གང་རྣམས་དང་། །
                                         བློ་ཐབས་ཇུས་འདོན་དག་ལ་སྙིང་ནས་འདུད། །
                                         སླད་མར་རྒྱབ་སྐྱོར་ཚད་མེད་རྒྱས་འཛོམས་ཤོག །


                                         སྦྲུལ་གྱི་ལོ་ལ་བཀྲ་ཤིས་རྟེན་འབྲེལ་འགྲིག །
                                         ཉམས་པ་སོར་ཆུད་མ་ཉམས་མུ་སྤེལ་དང་། །
                                         སྐྱོན་ཡོན་བླང་དོར་ཡེ་ཤེས་སྤྱན་གྱིས་འཇལ། །
                                         ཡ་ཡོ་མེད་པར་ལེགས་ཕྱོགས་རྗེས་འཇུག་ངང་། །
                                         དྲ་རྒྱའི་རིག་གནས་མུ་རུ་རྒྱས་འཛོམས་ཤོག །
 

དྲ་གྲོགས་ལྷན་རྒྱས་ལ་ཕུལ་བའི་སྨོན་འདུན་སེམས་ཀྱི་སྙེ་མ།


མཚོ་སྔོན་པོ་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་རྡོ་རྗེ་རབ་བརྟན་ལགས་ཀྱིས་ཤིས་ཚིག་ཕུལ་བ།

                                         སྲིད་པ་ཆགས་པའི་ཚུན་ནས་ད་ལྟའི་བར། །
                                         ཁ་བའི་མུ་ཁྱུད་གཡའ་རྡུལ་དབྱིངས་ལ་གྲོལ། །
                                         གཉུག་གནས་ཤེས་རིག་དཔངས་དང་རྔམས་སུ་བརྗིད། །
                                         ཀུན་ཀྱང་བག་སྡོད་མེད་པར་བློ་གྲོས་བརྡར། །
 

                                         འཛམ་གླིང་ཕུང་གཅིག་ཅན་དུ་ཤུགས་ཀྱིས་འདེངས། །
                                         འཕོ་བ་གྲོང་འཇུག་ལྟ་བུའི་དྲ་རྒྱ་དར། །
                                         གོ་ལ་རིལ་མོ་མ་ཡིན་ལེབ་མོར་མཐོང་། །
                                         བོད་ཡིག་ཀྱང་ནི་ཁྱབ་མཉམ་ཤར་གྱིས་རྒྱུག །
 

                                         འདི་ན་བླ་མཚོའི་མིང་ཅན་དྲ་འཇིངས་སུ། །
                                         དགོས་འདོད་ནོར་བུ་ལེན་ལ་དཔག་མེད་པས། །
                                         ཕྱོགས་ནས་རྒྱུ་བའི་དོན་མཐུན་ཚོགས་ཀྱིས་བསྐོར། །
                                         འདིས་ཀྱང་རིགས་ཞེན་ངོ་སོ་ཡར་ལ་བསྟོད། །
 

                                         དེ་རིང་སྐྱ་རེངས་བསུ་བའི་ཕོ་ཉ་ལ། །
                                         ཕྱི་ནང་གསང་བའི་བར་ཆད་སེལ་བྱེད་པའི། །
                                         བཀྲ་ཤིས་ཕྱྭ་གཡང་སྩོལ་བའི་སྨོན་འདུན་ཞིག །
                                         དྲ་གྲོགས་ལྷན་རྒྱས་སེམས་ཀྱི་སྙེ་མར་འབུལ། །

མཚོ་སྔོན་པོ་དྲ་བས་བོད་ཆུ་སྦྲུལ་ལོའི་ལོ་སར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བ།
མཚོ་སྔོན་པོ་དྲ་བའི་ལས་སྒྲུབ་པ་ཡོངས་ནས་ཕྱོགས་བཅུའི་རིགས་མཐུན་སྤུན་ཟླ་
ཡོངས་ལ་ལོ་གསར་བའི་ནང་བཀྲ་ཤིས་བདེ་ལེགས་ཞུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།