མཚོ་ལྷོ་ཁུལ་སྐབས་དང་པོའི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་ཚོགས་འདུ་ཆབ་ཆ་རུ་བསྡུས།
མཚོ་ལྷོ་ཁུལ་སྐབས་དང་པོའི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་ཚོགས་འདུ་ཆབ་ཆ་རུ་བསྡུས་པ།
ཟླ3པའི་ཚེས22ཉིན། མཚོ་ལྷོ་ཁུལ་སྐབས་དང་པོའི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་ཚོགས་འདུ་དེ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་བསྡུས་པ་དང་། རྫོང་ལྔའི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། དེ་མིན་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལས་སྒྲུབ་མི་སྣ་ཡོངས་བཅས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
ཚོགས་ཐོག་ཏུ། ཐོག་མར་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི2012ལོའི་བྱ་བའི་བརྙན་གཟུགས་ལ་བལྟས་ཏེ་ལོ་སྔོན་མའི་གལ་ཆེའི་བྱ་བར་ཕྱིར་དྲན་དང་། དེར་མཐུད་དེ་རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་དང་། ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་སྡེ་ཁག་སོ་སོའི་སྡེ་གཙོ་དང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་སོགས་ཀྱིས་རང་སྟེང་གི་བྱ་བའི་དངོས་དང་སྦྱར་ནས2013ལོའི་གལ་ཆེའི་བྱ་བའི་བསམ་ཕྱོགས་དང་བྱ་བའི་འཆར་འགོད་ཐད་ནས་གཏམ་བཤད་གནང་སྟེ་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་རྗེས་ཕྱོགས་ཀྱི་ལས་དོན་ལ་འཆར་ཇུས་ལེགས་པོ་བཏོན། མཐར། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའམ་ཀྲུའུ་རིན། མཚོ་སྔོན་པོ་དྲ་བའི་བློ་འདོན་པ་ཚེ་ལོ་ཡིས་གལ་ཆེ་བའི་གསུང་བཤད་གནང་ནས་ཐེངས་འདིའི་ཁུལ་ཡོངས་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་དམིགས་ཡུལ་བརྗོད་པ་དང་། རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་དང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་སྡེ་ཁག་སོ་སོ། དེ་མིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགན་ཁུར་བ་བཅས་ཀྱིས2013ལོའི་གལ་ཆེའི་བྱ་བའི་འཆར་འགོད་ལ་ཁས་ལེན་བྱས་པ་དང་། སྒོས་སུ་ཞིབ་ཕྲའི་སྒོ་ནས་མཚོ་ལྷོ་ཁུལ་བོད་ཡིག་བྱ་ར་མ་ལག་སྔོག་འདོན་ལས་གཞིའི་འཕེལ་ཚད་མཚམས་སྦྱོར་གནང་བ་མ་ཟད་མ་འོངས་བྱ་བའི་ཐད་ལ་རེ་སྨོན་དང་ཞིབ་ཕྲའི་དགོངས་ཚུལ་བཏོན་པ་རེད།
ཀྲུའུ་རིན་ཚེ་ལོ་ཡིས་གསུང་བཤད་གནང་བ།
ཀྲུའུ་རིན་ཚེ་ལོ་ཡིས་གསུང་དོན། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཤེས་རྟོགས་མཐོར་འདེགས་དང་བསམ་བློ་གཅིག་གྱུར། ཕྱོགས་ཡོངས་ནས་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་ལག་ལེན་མཐར་ཕྱིན་དང་བོད་སྐད་ཡིག་བྱ་བའི་འགན་འཁྲི་ལག་བསྟར། ནན་ཏན་གྱིས་མཚོ་ལྷོ་ཁུལ་གྱི་བོད་སྐད་ཡིག་བྱ་བ་སྤེལ་རྒྱུ་དེ་ཡིན་ལ། ད་ལྟའི་བར་རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་དང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་། དེ་མིན་རྫོང་སོ་སོ་དབར་གྱི་བྱ་བའི་འཆར་འགོད་མི་མཐུན་པ་དང་བྱ་བའི་འཕེལ་ཚད་མི་མཚུངས་པ། བྱ་བའི་གྲུབ་འབྲས་ཀྱང་མི་གཅིག་པ་སོགས་ཀྱི་གནད་དོན་གནས་པ་མ་ཟད། བོད་སྐད་ཡིག་གཞུང་ལས་ཁང་ཁ་ཤས་ཤིག་ལོ་ཙཱའི་གཞུང་ལས་ཁང་ཁོ་ནའི་ནུས་པ་ལས་འདོན་གྱི་མེད་པའི་ཁར་བོད་སྐད་ཡིག་བྱ་བར་མཐོང་ཆེན་ཆེན་པོ་བྱེད་ཐུབ་ཀྱི་མེད་ཅིང་ཕན་འབྲས་ལྡན་པའི་སྒོ་ནས་བྱ་བ་སྤེལ་ཐབས་བྲལ། དེར་བརྟེན། ང་ཚོས་ཡིན་གཅིག་ཏུ་རང་ཕྲག་གི་འགན་འཁྲི་ཆེན་པོ་ངེས་པར་བྱས་ཏེ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་གིས་འུ་ཅག་ལ་གནང་བའི་འགན་འཁྲི་བརྒྱད་པོ་ནམ་ཡང་སེམས་སུ་དམ་པོར་འཛིན་དགོས་པ་ཡིན།
ཚོགས་འདུའི་ཟུར་ཞིག
ཀྲུའུ་རིན་ཚེ་ལོ་ཡིས2013ལོའི་བྱ་བར་གཤམ་གསལ་དགོངས་ཚུལ་བཏོན་པ་སྟེ། གཅིག་ནས་ཁྱོན་ཡོངས་ནས་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱེད་དགོས་ཏེ་འདི་ནི་ང་ཚོའི་བྱ་བའི་དཀྱིལ་སྙིང་ཡིན། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་ནི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཐེངས་ཉེར་གསུམ་པའི་སྟེང་ཆོག་མཆན་གནང་ཞིང་། དེ་ནི་བོད་སྐད་ཡིག་བྱ་བའི་ཕྱོགས་སོ་སོར་ཁྱབ་ཡོད་པ་དང་། རང་རྒྱལ་དུ་མིག་སྔའི་བར་ཅུང་ཆ་ཚང་བའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་སྲོལ་ཡིག་ཅིག་ཡིན་ཏེ། ནང་དོན་ཕུན་སུམ་ཚོགས་ཤིང་ལག་ལེན་བྱེད་ཤུགས་དྲག་ལ། དེ་ཉིད་ལག་བསྟར་བྱས་ནས་ལོ་ལྔའི་བར་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་དང་། གཞུང་ཡིག་ལོ་ཙཱ། བོད་ཡིག་སྲིད་ཚགས་སོགས་སྤེལ་བའི་ཐད་ནས་གྲུབ་འབྲས་ཅུང་ཙམ་བླངས་ཡོད་ནའང་། སྲོལ་ཡིག་གི་ནང་དོན་མང་ཤོས་ཤིག་དངོས་ཡོད་ཀྱི་བྱ་བའི་ཁྲོད་ཡེ་ནས་ལག་ལེན་བསྟར་ཐུབ་ཀྱི་མེད་དེ། དཔེར་ན། སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་སོགས། ལྷག་པར་དུ་གཞི་རིམ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་སོགས་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་ཐུབ་ཀྱི་མེད་པ་དང་། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ང་ཚོས་ད་དུང་གཏིང་ཟབ་པའི་སྒོ་ནས་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་ཤེས་རྟོགས་དང་སློབ་སྦྱོང་བྱེད་དགོས་ལ། སྲོལ་ཡིག་གིས་གནང་བའི་འགན་འཁྲི་ནན་ཏན་གྱིས་སྤེལ་དགོས་པ་ཡིན། གཉིས་ནས་བསམ་རྒྱ་བསྐྱེད་པ་དང་ནུས་ཤུགས་མཐོར་འདེགས་བྱས་ཏེ་གཡོ་བ་མེད་པར་བོད་སྐད་ཡིག་བྱ་བ་སྔར་ལས་མཐོར་འདེགས་སུ་གཏོང་དགོས་པ། དེ་ཡང1953ལོར་ཁུལ་འཛུགས་སྐྲུན་བྱེད་དུས་ཀྱི་ཡིག་སྒྱུར་གཞུང་ལས་ཁང་ནས1984ལོའི་མི་རིགས་སྐད་ཡིག་གཞུང་ལས་ཁང་། དེ་ནས་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་བཅས་ལས་ཁུངས་ཀྱི་མིང་འདོགས་པའི་འགྱུར་བ་དང་བསྟུན་ནས་ང་ཚོའི་བྱ་བའི་ཁྱབ་ཁོངས་ཀྱང་འགྱུར་བ་འགྲོ་བཞིན་ཡོད་ཅིང་། མིག་སྔར་མགྱོགས་མྱུར་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྤྱི་ཚོགས་གནས་བབ་ལ་གཞིག་དང་། གལ་སྲིད་ང་ཚོས་ཡིག་སྒྱུར་ཁོ་ནའི་ལས་ཀར་གཞི་བཅོལ་བ་ཡིན་ན་མི་རིགས་སྐད་ཡིག་གཞུང་ལས་ཁང་ལ་ཏག་ཏག་ལས་སྟོང་བའི་རྣམ་པར་ཆགས་ངེས་ཤིང་སྤྱི་ཚོགས་སུ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་ཤུགས་རྐྱེན་ངན་པ་ཐེབས་པའི་ཉེན་ཁར་ལྷུང་སྲིད་སྟབས། བོད་སྐད་ཡིག་གཞུང་ལས་ཁང་གིས་དོན་དམ་དུ་ལས་ཅི་ཞིག་སྒྲུབ་དགོས་པའི་གནད་དོན་ང་ཚོའི་མིག་སྔར་དུ་བཤམས་ཡོད་ལ། ལས་ཁུངས་ཀྱི་འགན་ཁུར་བ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་འཕེལ་རྒྱས་ཀྱི་ལྟ་བས་གཞི་རྩའི་བྱ་བའི་རྨང་གཞིའི་སྟེང་བྱ་བའི་ལས་དོན་ཆེར་བསྐྱེད་དེ་ལས་ཁུངས་ཀྱི་མ་འོངས་འཕེལ་རྒྱས་ལ་རྨང་ལེགས་པོ་ཞིག་འདིང་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཉེ་བའི་ལོ་འགའི་བྱ་བར་ཁས་ལེན་དང་གདེང་འཇོག་ཆེན་པོ་གནང་ཡོད་ཅིང་། དྲ་རྒྱ་དང་། ས་མིང་རིག་གནས། གནའ་དཔེ་འཚོལ་ཞིབ་དང་ལེགས་སྒྲིག ཡིག་རྨོངས་སེལ་བའི་སློབ་གསོ་སོགས་བྱ་བ་མང་པོ་སྤེལ་ཏེ་འདས་པའི་སྣ་གཅིག་གི་ཡིག་སྒྱུར་བྱ་བ་ལས་བརྒལ་ཡོད་པ་དང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་གིས་གནང་བའི་འགན་འཁྲི་ཡང་ཆེར་བསྐྱེད་ཡོད་པ་རེད། དེ་མིན་བྲག་དཀར་རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ལོ་དེབ《གསེར་གྱི་ལྷ་དར》དང་། མང་རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་གིས་འཚོལ་ཞིབ་དང་ལེགས་སྒྲིག་བྱས་པའི《དམངས་ཁྲོད་གཏམ་དཔེ》། གསེར་ཆེན་རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་གིས་ལེགས་སྒྲིག་བྱེད་བཞིན་པའི《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྩོམ་ཕྱོགས་སྒྲིག》སོགས་ནི་བསམ་བློ་རྒྱ་བསྐྱེད་དང་ནུས་ཤུགས་མཐོར་འདེགས་ཀྱི་ཞིབ་ཕྲའི་ལག་ལེན་དངོས་མཚོན་གྱི་ཡོད་ཅིང་། འདི་ལྟར་བྱས་ན་ད་གཟོད་བོད་ཀྱི་སྐད་དང་ཡི་གེའི་ཁྱད་འཕགས་འདོན་སྤེལ་གང་ལེགས་བྱེད་ཐུབ་ལ། རང་འགུལ་དང་རང་རྟོགས་ཀྱིས་བྱ་བའི་རིགས་སོ་སོ་སྤེལ་ཏེ་སྤྱི་ཚོགས་ལས་རིགས་སོ་སོའི་ཁས་ལེན་བཟང་བོ་ཐོབ་ཏུ་འཇུག་དགོས་པ་ཡིན། གསུམ་ནས་བྱ་བའི་ནུས་ཤུགས་དྲག་ཏུ་བཏང་སྟེ་གང་ནུས་ཀྱིས་བྱ་བའི་དམིགས་ཚད་འགན་འཁྲིའི་ཁྲོད་ཀྱི་བྱ་བའི་འོས་འགན་ལེགས་འགྲུབ་བྱེད་པ། ཐེངས་འདིའི་གྲོས་ཚོགས་བརྒྱུད་རྫོང་སོ་སོའི་མི་རིགས་སྐད་ཡིག་གཞུང་ལས་ཁང་དང་། ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་སྡེ་ཁག་སོ་སོ། དེ་མིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་དམིགས་ཚད་འགན་འཁྲི་འཆང་ཡིག་བཞག་ཅིང་། ལོ་མཇུག་ཏུ་དཔྱད་ཞིབ་དཔྱད་འདེམ་བྱ་དགའ་གནང་བའི་བྱ་འགུལ་སྤེལ་རྒྱུ་ཡིན་ཞིང་། དེ་ནི་ཕན་ཚུན་སྐུལ་འདེད་དང་རང་འགུལ་རང་རྟོགས་ཀྱིས་བྱ་བ་སྒྲུབ་པར་སྐུལ་ལྕག་གནང་བར་ཕན་ཁེ་སྐྲུན་པ་ཡིན། མདོར་ན། ཐེངས་འདིའི་གྲོས་ཚོགས་བརྒྱུད་བསམ་ཕྱོགས་གསར་བ་ཞིག་ལས་རང་ཉིད་ཀྱི་བྱ་བ་སྒྲུབ་པ་དང་། བོད་སྐད་ཡིག་གཞུང་ལས་ཁང་སོ་སོའི་དབར་འབྲེལ་འདྲིས་ཤུགས་སྣོན་པ་དང་ཁོམ་སྐབས་རེ་རྙེད་དུས་ཕན་ཚུན་འགྲོ་འོང་བྱས་ཏེ་བྱ་བའི་བསམ་ཕྱོགས་དང་འཕེལ་ཚད་ཐད་ནས་གླེང་མོལ་བྱེད་པ་དང་། ཕན་ཚུན་སློབ་སྦྱོང་དང་སྙིགས་དོར་བཅུད་ལེན་སྒོས་ཕན་འབྲས་ལྡན་པའི་བྱ་བ་ཞིག་སྒྲུབ་པར་བརྩོན་པ་ལྷུར་ལེན་བྱེད་པར་གལ་ལོ།།
རྫོང་སོ་སོའི་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་དང་། ཀྲུའུ་རིན་གཞོན་པ་རྣམས་མཚོ་ལྷོ་
ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་གཟིགས་ཞིབ་བྱས་པ།
ཚོགས་འདུ་གྲོལ་རྗེས། རྫོང་སོ་སོའི་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་དང་། ཀྲུའུ་རིན་གཞོན་པ་རྣམས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་གཟིགས་ཞིབ་བྱས་ཏེ་ལས་སྒྲུབ་མི་སྣ་དག་ལ་འབྲེལ་འདྲིས་སྒོས་རྗེས་ཕྱོགས་དྲ་རྒྱའི་དྲིལ་སྒྲོག་དང་འཛུགས་སྐྲུན་ཐད་ནས་གླེང་མོལ་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com