ད་ལོའི་ལྷ་སའི་ཞོ་སྟོན་ཟླ8པའི་ཚེས6ཉིན་ནས་ཚེས12བར་ཚོགས་རྒྱུ་རེད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-07 09:53:00 ཀློག་གྲངས།:

        ཉེ་ལམ། རྒྱུས་ལོན་བྱུང་བ་ལྟར་ན། 2013ལོའི་ལྷ་སའི་ཞོ་སྟོན་དེ་ཟླ8པའི་ཚེས6ཉིན་ནས་ཟླ8པའི་ཚེས12བར་སྤེལ་རྒྱུ་ཡིན་ཞིང་། དེར་བྱ་འགུལ་རབས་དང་རིམ་པ་མང་པོ་ཡོད་པ་རེད།
        ཉེ་བའི་ལོ་འགའི་ནང་། ལྷ་སའི་ཞོ་སྟོན་འདི་རིམ་གྱིས་རིག་རྩལ་འཁྲབ་སྟོན་དང་། གནས་སྐོར་སྤྲོ་གསེང་། ལུས་རྩལ་ནུས་འགྲན། ཚོང་གཉེར་འདྲེན་ཚོང་བཅས་གཞི་གཅིག་ཏུ་སྦྱར་བའི་དུས་ཆེན་གྱི་རྣམ་པ་ཞིག་ཏུ་འགྱུར་བཞིན་འདུག   སྤྱིར་ན་ཞོ་སྟོན་དུ་གཙོ་ཆེར་ལྷ་མོ་ཟློས་གར་དང་། གོས་སྐུ་བཤམས་སྟོན་སོགས་བྱེད་སྒོ་སྤེལ་བ་ཡིན།
        ཞོ་སྟོན་འདི་ཉིད་ལྷ་ས་འཕེལ་རྒྱས་ཀྱི་གདོང་མཆོང་དང་། དྲིལ་སྒྲོག་གི་མིང་བྱང་། རིག་གནས་ཀྱི་དུས་ཆེན། བདེ་སྐྱིད་ཀྱི་མཚོན་རྟགས་བཅས་སུ་བསྐྲུན་པར། 2013ལོའི་ལྷ་སའི་ཞོ་སྟོན་དངོས་འབེབ་ལེགས་པོ་བྱེད་དགོས་ལ། མིག་སྔར་དུས་སྔོན་གྱི་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན།
ཟུར་བཤད། 
        ཞོ་སྟོན་ཞེས་པ་ནི་སེ་འབྲས་སོགས་ལ་དབྱར་གནས་ཚུགས་སྐབས་སྔ་དུས་ཚོགས་གཞུང་དུ་ཞོ་གཏོང་གི་ཡོད་པས་ཞོའི་སྟོན་མོ་བཏང་བས་ཞོ་སྟོན་ཞེས་སྐད། དེ་ཡང་སྔོན་དུས་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་རྣམས་དབྱར་ཁ་ཟླ་བ་གསུམ་གྱི་རིང་དགོན་པའི་ཕྱི་རོལ་དུ་ཕེབས་མི་ཆོག་པ་དང་། གལ་སྲིད་ཕེབས་དགོས་བྱུང་ན་ཡང་ཞག་བདུན་ལྷག་བཞུགས་མི་ཆོག་པའི་དབྱར་ཁྲིམས་ཡོད་སྟབས། དེའི་རིང་དགེ་འདུན་གྱི་མངའ་འབངས་མི་སྡེ་དང་། དེའི་དོ་དམ་པ་ཞལ་ཏ་བ་ཟེར་བ་ཞིག་ཡོད་པ་ནས་དགེ་འདུན་རྣམས་ལ་འོ་མ་དང་ཞོའི་སྟོན་མོ་ཐེངས་འགའ་ཤས་འབུལ་བའི་སྲོལ་ཡོད་པ་ལྟར། བོད་དུ་ཡང་གདན་ས་སེ་འབྲས་གཉིས་སུ་དགོན་པའི་ནོར་སྲིད་དང་མི་སེར་གྱི་སྤྱི་དཔོན་དུ་བསྐོས་པ་སྤྱི་སོ་ཞེས་པ་རྒན་གཞོན་ཁ་ཤས་ཡོད་ཅིང་།དེ་ཚོས་དབྱར་གནས་འགོ་ཚུགས་རྗེས་ཀྱི་ཞག་བདུན་ཕྲག་གཉིས་སོང་བ་བོད་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་འབྲས་སྤུངས་དང་སེ་རའི་དགེ་འདུན་པ་ཡོངས་ལ་གསོལ་ཞོ་བཞེས་སྤྱད་གང་རེ་འབུལ་སྲོལ་དང་། དེའི་སང་ཉིན་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་གྲྭ་ཚང་སོ་སོའི་སློབ་གཉེར་བ་ཚོས་གཞུང་བཀའ་པོད་ལྔའི་ཐོག་ནས་བགྲོ་གླེང་གི་ཚོགས་ཆེན་འགོ་ཚུགས་པ་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་ཞོ་སྟོན་ཉིན་བོད་ཀྱི་བཀྲ་ཤིས་ཞོལ་པ་དང་། བྲོ་པ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས་དགའ་ལྡན་ཕོ་བྲང་གི་མདུན་ཟློས་གར་དང་ལྷ་མོའི་འཁྲབ་སྟོན་གཟིགས་མོ་འབུལ་གྱི་ཡོད། དེ་ནི་ཉིན་དེར་འབྲས་སྤུངས་གོས་སྐུ་ཆེན་མོ་བཀྲམ་པའི་མདུན་ཞལ་ངོ་གསར་རྙིང་བརྗེ་བའི་རྟེན་འབྲེལ་ལ་བསུ་བ་ཞུ་ཆེད་རེད།
        ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་དགུང་ལོ་བཅུ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ས་བྱ་སྤྱི་ལོ1849ལོར་ནོར་བུ་གླིང་ཁའི་བསྐལ་བཟང་ཕོ་བྲང་གི་རྒྱབ་ངོས་སུ་དབུ་གཡབ་གཟིམ་ཆུང་གསར་རྒྱག་ཐོག  དེ་ནས་བཟུང་དབྱར་ཁའི་རིང་ནོར་བུ་གླིང་ཁར་བཞུགས་པའི་སྲོལ་བྱུང་ཞིང་། ཞོ་སྟོན་དང་ཆབས་ཅིག་བསྐལ་བཟང་ཕོ་བྲང་ཤར་ངོས་སྡིངས་ཆའི་སྟེང་དུ་སྐབས་དེར་ཡོད་པའི་བོད་ཀྱི་ཟློས་གར་སྐད་གྲགས་ཆེ་བ་རྣམས་ཡོང་ནས་འཁྲབ་སྟོན་གཟིགས་འབུལ་གྱི་སྲོལ་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།