གསེར་ཆེན་རི་བོའི་མཆོད་བསྟོད་ཆེན་མོའི་འབྲེལ་ཡོད་བརྡ་སྦྱོར།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-07 10:28:00 ཀློག་གྲངས།:

筹备赛千山赞礼的百柱帐篷
གསེར་ཆེན་རི་བོའི་མཆོད་བསྟོད་ཆེན་མོར་གྲ་སྒྲིག་བྱས་པའི་སྦྲ་ནག་ཀ་བརྒྱ་མ།

གསེར་ཆེན་རི་བོའི་མཆོད་བསྟོད་ཆེན་མོར་གྲ་སྒྲིག་བྱས་པའི་སྦྲ་ནག་ཀ་བརྒྱ་མ།

  སྤྱི་ཉིན་ལུང་ཚོ་བའི་སྡེ་བ་སོ་སོ་ལ།
  སྤྱི་ཉིན་ལུང་རིག་སྨོན་འཁྱམས་རུ་རབ་འོག་མ་སྡེ་བ་དང་ཨིར་སྟི་ཆོས་ཚ་སྡེ་བ་གཉིས་ཀྱིས་གཙོ་སྒྲུབ་གནང་བཞིན་པའི་གསེར་ཆེན་རི་བོའི་མཆོད་བསྟོད་ཅེས་པའི་སྤྲོ་ཚོགས་དེ་ལུགས་གསར་གྱི་སྤྱི་ལོ2013ལོའི་ཟླ6པའི་ ཚེས7ནས་ཚེས་12བར། ལུགས་རྙིང་གི་ཟླ4བའི་ཚེས་29ཉིན་ནས་ཟླ5བའི་ཚེས་5ཉིན་མཚོ་སྔོན་ཁྲི་ཤོར་རྒྱལ་ མོའི་ལྷོ་ཕྱོགས་ཀྱི་སྐྱེས་ལྷ་བློན་པོ་གསེར་ཆེན་གྱི་འདབས་རོལ་ཏུ་གཟབ་རྒྱས་ངང་འཚོགས་རྒྱུ་ཡིན་ལ། ཐེངས་ འདིའི་སྤྲོ་ཚོགས་ཀྱི་ནང་དོན་དང་རྣམ་པ་སོགས་ལོ་སྔོན་མ་ལས་ལྡབ་འགྱུར་གྱིས་ཇེ་ལེགས་སུ་བཏང་ཡོད་ཅིང་། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྡེ་ཆེན་རྩེད་རའི་དཔལ་བེའུ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་གསུམ་པའི་རྟིང་རྩོད་འགྲན་སྡུར་གྱི་འགྲན་ར་དངོས་དང་། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་གླུ་བ་གླུ་མ་གྲགས་ཅན་གྱིས་གྲུབ་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་གསེར་ཆེན་རི་བོའི་མཆོད་བསྟོད་ཀྱི་རིག་རྩལ་འཁྲབ་སྟོན་དང་། གཞན་སྡེ་བ་སོ་སོ་དང་ཚོ་བ་སོ་སོས་གྲ་སྒྲིག་བྱས་ཡོད་པའི་མདའ་རྩེད་དང་ཐག་འཐེན། རྟ་རྒྱུགས་སོགས་ཀྱི་རྩེད་མོའི་རྣམ་གྲངས་ཕུན་སུམ་ཚོགས་པ་མང་པོ་ཞིག་ཡོད་པས། སྡེ་བ་སོ་སོའི་རྒན་དར་གཞོན་གསུམ་གྱི་སྐུ་མགྲོན་རྣམས་དུས་ལྟར་གཟིགས་མོར་ཕེབས་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་བ་ཡིན།  ཞོར་དུ་འདི་འདྲའི་གཞི་རྒྱ་ཆེ་བའི་སྤྲོ་ཚོགས་ཤིག་བསྡུ་བ་ལ་སྡེ་བ་སོ་སོ་དང་ཡུལ་མི་སོ་སོའི་རྒྱབ་སྐྱོར་དང་རོགས་རམ། ཐུགས་ཁུར་བཅས་གནང་རྒྱུ་ནི་འབྲལ་ཐབས་མེད་པའི་དོན་དག་གལ་ཆེན་ཞིག་ཡིན་པས།  ཁྱེད་རྣམས་ཀྱིས་ཐེངས་འདིའི་སྤྲོ་ཚོགས་སྐབས་ཀྱི་འབྲེལ་ཡོད་སྒྲིག་ལམ་དང་བྱ་བ་ལེགས་པོར་བརྩི་སྲུང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། ། གཤམ་དུ་ཐེངས་འདིའི་སྤྲོ་ཚོགས་སྐབས་སུ་སྡེ་བ་སོ་སོའི་གྲ་སྒྲིག་གི་བྱ་བ་དང་སྒྲིག་ལམ། གཙང་སྦྲ། མཉམ་འཇོག་གནང་ས། ཚེས29ནས་ཚེས5ཉིན་བར་གྱི་ཉིན་རེའི་ལྟད་མོའི་ནང་དོན་སོགས་གསལ་བོར་བཀོད་ཡོད་པས་ཁྱེད་རྣམ་པས་དུས་ལྟར་གཟིགས་ཞིབ་དང་དོ་སྣང་ཡོང་བར་ཞུ་ཞུ །།


གསེར་ཆེན་རི་བོའི་མཆོད་བསྟོད་ལ་གྲ་སྒྲིག་བྱེད་བཞིན་པ།

གསེར་ཆེན་རི་བོའི་མཆོད་བསྟོད་ལ་གྲ་སྒྲིག་བྱེད་བཞིན་པ།

  དང་པོ། སྡེ་བ་ཚོ་བ་དང་ཚོང་བ།ལྟད་མོ་བ་རྣམས་ཀྱིས་ཐེངས་འདིའི་དགའ་ སྟོན་གྱི་སྐབས་སུ་གྲ་སྒྲིག་དང་དོ་སྣང་བྱ་དགོས་པའི་དོན་ཚན་འགའ།
  1.སྡེ་བ་རེ་རེའི་ཁྱིམ་ཚང་རེ་ནས་དུང་དཀར་གཅིག་རེ་ཁྱེར་ཡོང་དགོས།
  2.སྡེ་བ་སོ་སོའི་བ་ཁ་དང་འགྲན་ཞུགས་རྟ་བ། ཐག་འཐེན།མདའ་བ་རྣམས་ཀྱིས་ངེས་པར་དུ་བོད་བཟོའི་ཁོག་སྟོད་དཀར་པོ་དང་བོད་ལྭ་གྱོན་དགོས་པ་མ་ཟད་འགྲན་ཞུགས་མི་སྣའི་མིང་ཐོ་དང་འགྲན་ཞུགས་རྟ་གྲངས་སོགས་ངེས་པར་དུ་འཁྱམས་རུ་རབ་འོག་མ་སྡེ་བ་དང་ཆོས་ཚ་སྡེ་བ་གཉིས་ཀྱིས་ཡུལ་དངོས་ལས་སྒྲུབ་ཁང་དུ་མིང་ཐོ་འགོད་དགོས།གོང་གི་ཆ་རྐྱེན་དང་འགྲོ་ལུགས་དག་མ་སྒྲུབ་ན་འགྲན་སྡུར་ལ་ཞུགས་པའི་དབང་ཆ་མེད་པར་བཟོ་ངེས་ཡིན།
  3. ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་དམིགས་ནས་བསང་རྩི་ངེས་པར་དུ་རས་བཟོའི་ཁུག་མའི་ནང་དུ་ཁྱེར་ཡོང་བ་ལས་འགྱིག་ཤོག་ཁུག་མའི་ནང་དུ་ཁྱེར་ཡོང་ན་མི་ཆོག་ཅིང་གཙང་མ་ཡིན་དགོས་པ་མ་ཟད་འབྲུ་སྣའི་རྫས་རིགས་ཆ་ཚང་ཡིན་ན་རབ་ཡིན།
  4.སྡེ་བ་སོ་སོ་དང་ས་ཁུལ་གཞན་གྱི་ཚོང་བ་རྣམས་ཀྱིས་ངེས་པར་དུ་རབ་འོག་མ་སྡེ་བ་དང་ཆོས་ཚ་སྡེ་བའི་བཀོད་འདོམས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར་རས་གུར་ཕུབ་པ་ལས་གང་འདོད་དུ་རས་གུར་སོགས་ཕུབ་ན་ཆད་པ་ནན་མོ་གཅོད་ངེས་ཡིན་ལ། གཞན་ཚོང་བ་རྣམས་ཀྱིས་ཚོང་རྫས་རྫུན་མ་དང་ཆང་དཀར་དང་ཆང་དམར།ལྦུ་ཆང་གི་རིགས་སོགས་གཏན་ནས་བཙོང་མི་ཆོག་པ་དང་རང་རང་གི་ཟ་ཁང་དང་ཚོང་ཁང་སོགས་ཀྱི་གཡས་གཡོན་དང་སྔ་གཞུག་སོགས་ལ་གཙང་སྦྲ་ལེགས་པོ་བྱ་དགོས་ཤིང་།ཚོང་རྫས་རྫུན་མ་དང་ཆང་རིགས་བཙོང་མཁན་གྱི་ཚོང་བ་དག་ལ་ཁྲིམས་འགལ་ལྟར་གོང་རིམ་སྲིད་གཞུང་ལ་སྤྲད་ནས་ཐག་གཅོད་བྱེད་ངེས་ཡིན།
  5.རླངས་འཁོར་དང་འཕྲུལ་རྟ། འཕྲུལ་འཁོར་གྱི་རིགས་གཅིག་ཀྱང་ཚོང་ར་དང་འགྲན་སྡུར་ཡུལ་དངོས་སུ་ཡོང་མི་ཆོག
  6. རྟ་རྒྱུགས་དང་མདའ་འཕེན། ཐག་འཐེན་གྱི་སྐབས་སུ་ངེས་པར་དུ་ཕན་ཚུན་མཐུན་སྒྲིལ་གྱིས་མཛའ་བརྩེ་ཨང་དང་པོ་དང་འགྲན་སྡུར་ཨང་གཉིས་པའི་རྩ་དོན་ནན་ཏན་གྱིས་བརྩི་སྲུང་བྱ་དགོས། 
  7. སྡེ་བ་དང་ཚོ་བ་སོ་སོའི་བ་ཁ་དང་ཚོང་ཁང་།ཟ་ཁང་། ལྟད་མོ་བ་རྣམས་ཀྱིས་ངེས་པར་དུ་མི་རིགས་རང་གི་ཁྱད་ཆོས་འཛོམས་པའི་རས་གུར་སོགས་ཕུབ་པ་ལས་སྲིད་གཞུང་གིས་མུག་སྐྱོབ་ལ་གནང་བའི་རས་གུར་དང་སྟེང་དུ་ཡི་གེ་སོགས་བྲིས་
ཡོད་པའི་རས་གུར་གྱི་རིགས་མི་ཕུབ་པར་མཁྱེན།
  8. དགའ་སྟོན་གྱི་སྟེང་དུ་རྒྱན་འཇོག་ཤོ་རྒྱག་གི་བྱ་བ་དང་རོལ་རྩེད་རྩེད་མོའི་འཕྲུལ་ཆས་སོགས་ཁྱེར་ཡོང་ནས་མི་དམངས་ ལ་མགོ་སྐོར་གཏོང་བ་སོགས་ཀྱི་བྱ་བ་གཏན་ནས་བྱས་མི་ཆོག
  9.མི་སྡོམ་མམ་རྐུན་མ་སྐོར་ཞིག་གིས་དགའ་སྟོན་གྱི་གོ་སྐབས་སྤྱད་དེ་ཁྱིམ་ཚང་གི་རྒྱུ་ནོར་བརྐུ་བ་ལ་སྒུག་མཁན་ཡང་ཡོད་ སྲིད་པས།ཁྱིམ་བདག་རྣམ་པས་རང་ཁྱིམ་གྱི་དངོས་པོ་རྩ་ཆེན་རྣམས་གཞན་ལ་བཅོལ་བའམ་ཡུལ་སྲུང་ཡོད་དགོས་ལ། གལ་ཏེ་དོན་དག་དེ་འདྲ་བྱུང་ཚེ་མཇུག་འབྲས་ཐམས་ཅད་བདག་པོ་རང་ཉིད་ཀྱིས་འཁུར་དགོས།
  གཉིས་པ། ལུགས་རྙིང་གི་ཟླ་བཞི་བའི་ཚེས་ཉེར་དགུ་ནས་ཟླ་ལྔ་བའི་ཚེས་ལྔ་ ཉིན་བར་རིག་རྩལ་རྩེད་མོའི་བཀོད་སྒྲིག
  2013ལོའི་ཟླ4བའི་ཚེས་29ཉིན་ནས་—2013ལོའི་ཟླ་5བའི་ཚེས་5ཉིན་བར་ལ།
  ཟླ་ཚེས།  རྩེད་མོའི་རྣམ་གྲངས།
  ཟླ་བཞི་བའི་ཚེས་ཉི་ཤུ་དགུ་ནས་ལྔ་བའི་ཚེས་གསུམ་ཉིན་བར།
  མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྡེ་ཆེན་རྩེད་རའི་དཔལ་བེའུ་ རྟགས་མའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་གསུམ་པའི་རྟིང་རྩོད་འགྲན་སྡུར། (སྔ་དྲོའི་དུས་ཚོད་དགུ་ནས་དྲུག་བར།) 
  ཟླ་ལྔ་བའི་ཚེས་གཉིས་ཉིན།  སྡེ་བ་སོ་སོའི་མདའ་འཕེན་གྱི་ཐོག་མའི་འགྲན་སྡུར།
  ཟླ་ལྔ་བའི་ཚེས་གསུམ་ཉིན།  སྡེ་བ་སོ་སོའི་ཐག་འཐེན་གྱི་ཐོག་མའི་འགྲན་སྡུར།
  ཟླ་ལྔ་བའི་ཚེས་བཞི་ཉིན། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་གླུ་བ་གླུ་མ་གྲགས་ཅན་ གྱིས་གྲུབ་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་གསེར་ཆེན་རི་བོའི་མཆོད་བསྟོད་ཀྱི་རིག་རྩལ་འཁྲབ་སྟོན་ཐམས་ཅད་རླུང་འཕྲིན་ལས་ཐད་གཏོང་བྱ་རྒྱུ་ཡིན།(སྔ་དྲོའི་དུས་ཚོད་དགུ་ནས་བཅུ་གཅིག་བར)
  སྡེ་བ་སོ་སོའི་མདའ་འཕེན་དང་ཐག་འཐེན་གྱི་རྟིང་རྩོད་འགྲན་སྡུར།(ཕྱི་དྲོའི་དུས་ཚོད་གཉིས་ནས་དྲུག་བར། )
  ཟླ་ལྔ་བའི་ཚེས་ལྔ་ཉིན།  ཞོགས་པའི་དུས་ཚོད་ལྔའི་སྟེང་སྤྱི་ཉིན་ལུང་ཚོ་བའི་གསེར་ཆེན་ལབ་རྩེ་བསྟོད་པ་དང་སྤྱི་བསང་ཕུལ་བ། དུས་ཚོད་བཅུའི་སྟེང་དགྲ་དཔུང་གཅོག་པ། དེའི་འཕྲོར་རྟ་ཆེན་རྟ་ཆུང་གི་གོམ་རྟ་དང་རྒྱུགས་རྟ་འགྲན་སྡུར།
  གསེར་ཆེན་རི་བོའི་མཆོད་བསྟོད་ཆེན་མོའི་འབྲེལ་ཡོད་འགན་ཁུར་མི་སྣའི་མིང་ཐོ།
  སྤྱིའི་འགན་ཁུར་བ།        དཔལ་བྷོ། གཅོད་པ་རྒྱལ། སྤྱིའི་འགན་ཁུར་བ་གཞོན་པ།   ལྷ་བྷེ།  སྙིང་དཀར་རྒྱལ། ཚེ་དབང་ཕུན་ཚོགས།  བཀྲ་ཤིས།   བན་མ་བཀྲ་ཤིས། དཀའ་འབུམ་ཐར།    བཙུན་ཐར་རྒྱལ།
  ཚོགས་མི།        ཀུན་ལྡན་རྒྱལ།   དཀོན་མཆོག་ཚེ་རིང་།  ཁ་ཏོ།  བླ་མ་རྒྱལ།  ཚེ་བྷེ།  ཕྱུག་མོ་ཐར།  ནོར་འཛིན་ཡག ཚེ་ཐོ། ཕག་མོ།  ཡི་དམ། (གཞན་སྤྱི་ཉིན་ལུང་ཚོ་བའི་སྡེ་བ་སོ་སོའི་ཧྲུའུ་ཅི་དང་སྡེ་དཔོན་རྣམས་ཡིན)
               
 

      གསེར་ཆེན་རྫོང་ཨིར་སྟི་ཞང་ཆོས་ཚའི་སྡེ་དམངས་ཨུ་ཡོན་ལྷན་ཁང་།
      གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་འཁྱམས་རུ་རབ་འོག་མ་སྡེ་དམངས་ཨུ་ཡོན་ལྷན་ཁང་ནས།
        སྤྱི་ལོ2013ལོའི་ལུགས་གསར་གྱི་ཟླ6བའི་ཚེས3ཉིན་ལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།