ཐར་ཤུལ་ཡུལ་ཚོའི2013ལོའི་རླུང་རྟའི་དུས་ཆེན་སྤེལ་བ།
མཛད་སྒོ་ཡུལ་དངོས།
ཟླ6པའི་ཚེས23ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ཐར་ཤུལ་ཡུལ་ཚོའི2013ལོའི་རླུང་རྟའི་དུས་ཆེན་དང་འབྲོག་དམངས་ལུས་རྩལ་འགྲན་ཚོགས་ཐར་ཤུལ་རྩྭ་ཐང་དུ་གཟབ་རྒྱས་ངང་སྤེལ་བ།
བྱེད་སྒོའི་སྟེང་། ཐར་ཤུལ་ཡུལ་ཚོའི་སྡེ་བ་སོ་སོའི་ཚབ་བྱེད་རུ་ཁག་གིས་ལུས་ལ་གཟབ་མཆོར་སྤྲས་ཤིང་ལག་ཏུ་ཁ་བཏགས་བསྒྲེངས་པ་དང་། གོམ་པའི་འདེགས་འགྱོགས་དང་བཅས་ཏེ་དུས་རབས་གསར་བའི་འབྲོག་མི་མང་ཚོགས་ཀྱི་འཚོ་རྣམ་གསལ་ལེར་མངོན། སྡེ་བ་སོ་སོའི་སྡེ་དམངས་ཀྱིས་རང་སྒྲིག་རང་འཁྲབ་བྱེད་པའི་སྒྲ་བརྙན་དང་། གླུ་གར། བཤད་པ་སོགས་ནང་དོན་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་གྱིས་མཛད་སྒོའི་རྣམ་པ་ཚ་ཚ་འུར་འུར་དུ་བྱས་ལ། སྒྱུ་རྩལ་པ་ཞི་བདེ་ཉི་མ་དང་། དམངས་ཁྲོད་གླུ་བ་ཁམས་སྐྱིད་སྒྲོལ་མ་སོགས་ཀྱིས་ཀྱང་ཡུལ་དངོས་ནས་རྩྭ་ཐང་མི་དམངས་ལ་རྟེན་འབྲེལ་གྱི་བཀྲ་ཤིས་སྨོན་འདུན་ཞུ་བ་རེད།
སྡེ་བ་སོ་སོའི་འགྲན་བསྡུར་རུ་ཁག་མཛད་སྒོའི་སྟེང་ཞུགས་པ།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་ནི་དུས་ཡུན་ཉིན་ལྔ་ལ་སྤེལ་རྒྱུ་ཡིན་པ་དང་། དེའི་སྐབས་སུ་སྡེ་བ་སོ་སོས་རྟ་རྒྱུག་འགྲན་བསྡུར་དང་། ཐག་འཐེན་འགྲན་བསྡུར། འགྱིག་འགྲན། གླང་ཆེན་ས་གཤགས། བྱེ་ཁུག་འདེགས་འགྱོགས་སོགས་སྣ་མང་ལུས་རྩལ་རྣམ་གྲངས་འགྲན་བསྡུར་བྱེད་པ་ཡིན། འགྲན་ཞུགས་རུ་ཁག་རྣམས་ཀྱིས་མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པའི་འདུ་ཤེས་ཀྱིས་འགྲན་བསྡུར་ལ་ཞུགས་པ་དང་། གཟིགས་མོ་བ་རྣམས་ཀྱིས་དགའ་སྤྲོ་འཁོལ་བའི་ངང་འགྲན་བསྡུར་ལ་གཟིགས་མོ་བྱེད་ཅིང་། བྱིས་པ་དང་རྒན་པོ་རྣམས་རྩྭ་ཐང་དུ་བག་ཡངས་ཀྱིས་རྩེད་འཇོ་དང་ངལ་གསོ་བ་དང་། ན་གཞོན་ཕོ་མོ་རྣམས་ཀྱིས་རུ་སྐོར་བསྡུས་ཏེ་ལ་གཞས་ལེན་པའི་རྣམ་པ་སྣ་ཚོགས་ལས་རྩྭ་ཐང་ལ་བག་བྲོ་བའི་ཁ་དབུགས་ཤིག་ངང་ངམ་ཤུགས་ཀྱིས་བསྩལ་བྱུང་།
འགྲན་ཞུགས་རྟ་ཕོ།
ཐར་ཤུལ་ཡུལ་ཚོ་ངོ་སྤྲོད།
ཡུལ་ཚོ་འདི་ནི་མང་རྫོང་གི་ལྷོ་ནུབ་རྒྱུད་དུ་གནས་པ་སྟེ། སའི་གོ་ལའི་བྱང་གི་འཕྲེད་ཚད35°36'དང་ཤར་གྱི་གཞུང་ཚད100°27' གྱི་མཚམས་ན་ཡོད་ཅིང་། འདིའི་ཤར་ཕྱོགས་ནི་སུམ་མདོ་ཡུལ་ཚོ་དང་འབྲེལ་ཡོད་ལ། ལྷོ་ཕྱོགས་ནི་འབའ་རྫོང་དང་འདབས་འབྲེལ་ཡོད་ཅིང་། ནུབ་ཕྱོགས་ནི་རྨ་ཆུས་བཅད་དེ་བྲག་དཀར་རྫོང་གི་དཔལ་ཁ་གྲོང་རྡལ་དང་ཁ་གཏད་དུ་གནས། བྱང་ཕྱོགས་ནི་མང་ར་ཡུལ་ཚོ་དང་འབྲེལ་ཡོད། ཡུལ་ཚོ་འདིའི་ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3700 ཡོད། འདིའི་མངའ་ཁོངས་སུ་སྤང་ཐང་དང་། རྫ་རི། ལ་ལུང་བཅས་ཀྱིས་ཁྱབ་ཡོད་ཅིང་། རྫ་རྒན་ལྷོ་རྒྱུད་དུ་ནགས་ཚལ་སྟུག་པོས་ཁེབས་ཡོད། དབྱར་རྩྭ་དགུན་འབུ་དང་། མེ་ཏོག་གངས་ལྷ། སྙི་བ། ལྕུམ་རྩ་སོགས་སྨན་རྩྭ་དང་། གླ་བ་དང་། ཤ་བ། དགོ་བ། གནའ། རྫ་ཁའི་གོའུ་ཡག་ལ་སོགས་པའི་རི་སྐྱེས་སྲོག་ཆགས་མང་པོ་ཡོད། 1953ལོའི་ཡར་སྔོན་ལ་ཐར་ཤུལ་ནི་ཁྲི་ཀ་རྫོང་གི་མངའ་འོག་ཡིན། 1953ལོར་མང་རྫོང་འཛུགས་སྐབས་ཐར་ཤུལ་ཆུས་བཙུགས། 1958ལོར་ལྕང་སྡོང་ཀུང་ཧྲེའི་ཁོངས་སུ་བསྲེས། 1961ལོར་དེ་ལས་ལོགས་སུ་བཀར་ཏེ་ཐར་ཤུལ་ཀུང་ཧྲེ་བཙུགས། 1963ལོར་འདི་དང་ཙག་ག་ཀུང་ཧྲེ། རྒྱ་སེ་ཀུང་ཧྲེ་བཅས་བསྲེས་ནས་ཐར་ཤུལ་ཡུལ་ཚོ་བཙུགས། 1969ལོར་ཐར་ཤུལ་ཀུང་ཧྲེ་རུ་བསྒྱུར། 1984ལོར་སླར་ཡང་ཐར་ཤུལ་ཡུལ་ཚོ་རུ་བསྒྱུར། ཡུལ་ཚོ་འདིའི་སྲིད་གཞུང་ནི་རྟ་མང་སྡེ་བའི་ཆུ་བཟང་ཁར་ཆགས་ཡོད། དེ་ནས་རྫོང་སྲིད་གཞུང་གི་གནས་ཡུལ་མང་ཆུ་གྲོང་རྡལ་གྱི་བར་དུ་སྤྱི་ལེ26ཡོད། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1186.80ཡོད་ལ། མི་གྲངས8637ཡོད(སྤྱི་ལོ2008ལོའི་རྩིས་གྲངས་ཡིན)། འདིའི་མངའ་འོག་ན་ཐར་ཤུལ་དང་། གོང་བ། ཙག་ག རྒྱ་སེ། སྟར་ལུང་། ཤེའུ་དཀར། རྟ་མང་། རྫ་རྒན། འབའ་ཐང་སྡེ་གསར་བཅས་སྲིད་འཛིན་སྡེ་བ9ཡོད། ཐར་ཤུལ་ཞེས་པ་ནི་བོད་སྔ་རབས་པའི་ཚོ་སྡེ་ཞིག་གི་མིང་སྟེ། བོད་མི་བུ་རིགས་བཞིའི་ཡ་གྱལ་ལྡོང་གི་རུས་རྒྱུད་དེ། ལྡོང་ཤུལ་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་ལྡོང་ཐར་བ་སྐྱབས་ཀྱི་རུས་རྒྱུད་ལས་མཆེད་པར་གྲགས་པས་མིང་ཡང་དེ་སྐད་དུ་ཐོགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com