མདོ་སྨད་བོན་བརྒྱ་དགོན་དུ་རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ་ལེགས་གྲུབ་ཀྱི་མཛད་སྒོ་སྤེལ་བ།
མདོ་སྨད་བོན་བརྒྱ་དགོན་དུ་བཞེངས་པའི་རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ།
ཟླ10ཚེས24ཉིན། ཆོས་རྗེ་བོན་བརྒྱ་སྐུ་ཕྲེང་རིམ་བྱོན་གྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གདན་ས་ཁྱད་པར་ཅན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཤར་ཕྱོགས་མངོན་པར་དགའ་བའི་ས་འཛིན་གྱི་སྤོར་རྒྱུ་གསེར་ཟངས་ལས་གྲུབ་པའི་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྐུ་བརྙན་ཁྲི་ཚད་ལྔ་བཅུ་ཅན་གྱི་རྟེན་མཆོག་འདི་ཉིད་བཞེངས་བསྐྲུན་ལེགས་གྲུབ་བྱུང་བའི་རབ་གནས་མཛད་སྒོ་སྤེལ།
མདོ་སྨད་བོན་བརྒྱ་དགོན་དུ་རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ་ལེགས་གྲུབ་ཀྱི་མཛད་སྒོ་སྤེལ་བ།
དེ་ཡང་དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་མཆོག་སྤྲུལ་ཚུལ་ཁྲིམས་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་གིས། སྤྱིར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ས་ཆུ་མེ་རླུང་གི་འབྱུང་གཞིའི་འཇིགས་པ་དང་བྲལ་ཞིང་། ནད་ཡམས་འཁྲུག་རྩོད་ཀྱི་བསྐལ་ངན་ཡོངས་སུ་ཞི་ནས་འཚེ་མེད་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པ་དང་། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུན་རིང་དུ་གནས་པ། སྒོས་སུ་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་གཙོ་བྱས་པའི་རང་དགོན་གྱི་བླ་གྲྭ་ཡོངས་དང་དད་ལྡན་ལྷ་སྡེ་ཀུན་གྱི་མི་མཐུན་པའི་འགལ་རྐྱེན་མ་ལུས་ཞི་ཞིང་ཚེ་བསོད་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་དུ་དམིགས་ནས། རྒྱ་ཡུལ་གྱི་ཁོང་གི་དད་ལྡན་སློབ་བུ་འགས་སྦྱིན་བདག་མཛད་དེ་བཞེངས་བསྐྲུན་བྱུང་བ་རེད།
མདོ་སྨད་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་།
ཕྱི་ལོ2013ལོའི་ཟླ2པའི་ཚེས11ཉིན་ནས་བཞེངས་མགོ་བརྩམས་ཤིང་། ཟླ9བའི་ཚེས1ཉིན་ཁྲི་ཚད་སོ་གཉིས་ཅན་གྱི་སྲོག་ཤིང་དང་རྟེན་རྫས་རྣམས་དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོ་བྱས་པའི་རང་དགོན་གྱི་བླ་གྲྭ་ཡོངས་ཀྱིས་གདན་འདྲེན་ལེགས་པར་ཞུས་ཤིང་། དེ་དང་ཆབས་ཅིག་རྒྱལ་བའི་བཀའ་རིན་པོ་ཆེ་ཚར་བརྒྱ་དང་ལྔ་བཅུ། མདོ་གཡུང་དྲུང་ཀློང་རྒྱས་ཚར་བརྒྱ། རྣམ་རྒྱལ་གཟུངས་ཆེན་དང་ནོར་བུ་འོད་འབར། བསྐལ་བཟང་སོགས་ཁྱོན་བསྡོམས་གླེགས་བམ་སུམ་ཁྲི་ཆིག་སྟོང་ལྷག ཡིག་བརྒྱ་ཚར་དུང་ཕྱུར་གཅིག་དང་བྱེ་བ་གཉིས། གཟུངས་གཞུག་ཆེན་མོ་ཚར་བཅུ་གསུམ་དང་། རྟེན་རྫས་སྐོར་ལ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་དང་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ། ཡབ་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་སོགས་ཀྱིས་བསྩལ་གནང་བའི་རྒྱལ་བ་གཤེན་རབ་མི་བོ་ཆེའི་སྐུ་གདུང་རིང་བསྲེལ་བྱིན་ཅན་དང་བླ་མ་ཡང་སྟོན་ཆེན་པོའི་རིང་བསྲེལ་བྱིན་ཅན། འབྲུ་རིགས་རྒྱ་མ་ཉིས་ཁྲི་ལྷག་གི་གཏེར་ཁུག་ངག་སྨན་སྣ་དང་རིན་པོ་ཆེ་སོགས་ཀྱི་ རྟེན་སྣ་བྱིན་ཅན་མང་པོའི་གཟུངས་གཞུག་རྒྱས་འབུལ་ཞུས།
གཞན་ཡང་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ལེའོ་ཉིན། ཅིས་ལེན། ཀོས་ཀྲིག ཧྲན་ཞིས་བཅས་ཞིང་ཆེན་བདུན་དང་། ཧྲིན་ཀྲིན་དང་པེ་ཅིན་སོགས་གྲོང་ཁྱེར་ཁག་ནས་ཕེབས་པའི་བོད་རྒྱ་སྐུ་མགྲོན་ཉིས་བརྒྱ་ལྷག་འདུ་འཛོམས་བྱུང་སྟེ་བཀྲ་ཤིས་དགའ་སྟོན་གྱི་རྟེན་འབྲེལ་ལེགས་པར་ཞུས། མཐར་མཆོག་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་ནས་རང་དགོན་གྱི་བླ་གྲྭ་ཡོངས་ལ་ གོས་ངུར་སྨྲིག་གི་ན་བཟའ་སྤུས་ལེགས་ཆ་ཚང་རེའི་འགྱེད་གཏོང་དང་གུང་ཚིགས་རྒྱས་སྤྲོས་ཀྱིས་མཛད་སྒོའི་དུས་སྟོན་བདེ་ལེགས་ངང་ཡོངས་སུ་མཇུག་རྫོགས་པར་བྱས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com