མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་སྐབས་གསུམ་པའི་སྐད་གཉིས་གཏུག་བཤེར་བྱེད་སྒོའི་འགྲན་བསྡུར་སྤེལ།
མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་སྐབས་གསུམ་པའི་སྐད་གཉིས་
གཏུག་བཤེར་བྱེད་སྒོའི་འགྲན་བསྡུར་མཚོ་ལྷོ་ཁུལ་དུ་སྤེལ།
ཟླ10བའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་འགན་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་སྐབས་གསུམ་པའི་སྐད་གཉིས་གཏུག་བཤེར་བྱེད་སྒོའི་འགྲན་བསྡུར་མཚོ་ལྷོ་ཁུལ་དུ་བསྡུས་ཤིང་། ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་སོ་སོའི་ཡན་ལན་ཞིབ་དཔྱོད་ཁང་གི་ཚབ་བྱེད་རུ་ཁག7གྱི་འགྲན་ཞུགས་པ21འགྲན་བསྡུར་དུ་ཞུགས་པ་དང་། ཁུལ་དང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་གཙོ་འཛིན་ཞིབ་དཔྱོད་འགོ་གཙོ་གཞོན་པ་དང་། གཞུང་ཕྱོགས་ཞུ་སྦྱོར་སྡེ་ཁག་གི་འགན་ཁུར་བ། ལས་རིགས་ཀྱི་རྐང་འཛིན་པ་བཅས་མི90ལྷག་གིས་ཐེངས་འདིའི་འགྲན་བསྡུར་ལ་ལྟ་སྦྱོང་བྱས་ལ། བོད་རྒྱ་སྐད་གཉིས་ལ་བྱང་པའི་ཁྲིམས་ཁང་གི་འདྲི་གཅོད་མི་སྣ4དང་། ཉེན་རྟོག་སློབ་གླིང་གི་དགེ་རྒན་ཆེན་མོ། རྒྱལ་ཡོངས་ཕུལ་བྱུང་གཞུང་ཕྱོགས་ཞུ་སྦྱོར་བ1བཅས་ཀྱིས་དཔྱད་འདེམ་པའི་འགན་ཁུར་བ་རེད།
མདོ་འཛིན་བྱེད་པ།
མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་སྐོར་བསྐྱོད་པ་རྡོ་བརྟན་དང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཁྲིན་ཀྲུང་གཉིས་བོད་རྒྱ་སྐད་གཉིས་གཏུག་བཤེར་རྩོད་གླེང་འགྲན་བསྡུར་གྱི་རྟིང་རྩོེད་འགྲན་བསྡུར་ཡུལ་དངོས་གྲོས་ཚོགས་སུ་ཞུགས་ཏེ་གཏམ་བཤད་གལ་ཆེན་གནང་ཞིང་། ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་རྟ་མགྲིན་ཚེ་རིང་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚེ་རིང་ཐར། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བན་ཏེ་བཀྲ་ཤིས། ཁུལ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཀོ་ཡོན། ཁུལ་སྤྱི་བདེ་ཅུའི་ཏང་ཨུའི་ཧྲུའུ་ཅི་ནེ་ཡོན་ཧྲིག་སོགས་འགོ་ཁྲིད་རྣམས་ཡུལ་དངོས་སུ་སླེབས་ཏེ་འགྲན་བསྡུར་ལ་གཟིགས་པ་མ་ཟད། བྱ་དགའ་ཐོབ་པའི་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་གནང་བ་རེད།
འགྲན་ཞུགས་རུ་ཁག་འགའ།
འདི་ལྟ་བུའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་གཏུག་བཤེར་གྱི་ནུས་ཤུགས་དང་ཁྲིམས་བསྟར་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་དང་། ཞིང་ཆེན་ཡོངས་ཀྱི་བོད་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱི་བོད་རྒྱ་སྐད་གཉིས་གཏུག་བཤེར་ནུས་ཤུགས་དང་གཞུང་ཕྱོགས་ཞུ་སྦྱོར་ལས་རིགས་ཀྱི་ནུས་ཤུགས་སྔོན་སྐུལ་བྱེད་པ་དེ་ཡིན། བོད་རྒྱ་སྐད་གཉིས་གཏུག་བཤེར་ལས་རིགས་འགྲན་བསྡུར་བྱ་འགུལ་དུ་སྐད་གཉིས་གཏམ་བཤད་འགྲན་བསྡུར་དང་། ཡིག་ཆ་སྒྲིག་བཟོ་འགྲན་བསྡུར། ལྟ་སྦྱོང་ཚོགས་ར། སྐད་གཉིས་རྩོད་གླེང་འགྲན་བསྡུར་སོགས་ནང་དོན་དུ་མ་འདུས། སྐབས་འདིའི་འགྲན་བསྡུར་ནི་སྐབས་སྔོན་མ་གཉིས་ཀྱི་རྨང་གཞིའི་སྟེང་སྐད་གཉིས་གཏམ་བཤད་ཀྱི་རྣམ་གྲངས་སོགས་ཁ་སྣོན་བྱས་ཡོད།
འགྲན་བསྡུར་ཡུལ་དངོས་ཀྱི་ཟུར་ཞིག
འགྲན་ཞུགས་པ་རྣམས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་གཏུག་བཤེར་ཡི་གེ་སྒྲིག་བཟོ་དང་། གཏམ་བཤད་སྤེལ་བ། དངོས་ཚོད་ཁྲིམས་རའི་འདྲི་གཅོད། རྩོད་གླེང་བཅས་བྱེད་པར་བརྒྱུད། སོ་སོའི་ལས་རིགས་ཀྱི་སྐད་གཉིས་གཏུག་བཤེར་ནུས་ཤུགས་ཡོངས་སུ་མངོན།
མཚོ་ལྷོ་ཁུལ་གྱི་འགྲན་ཞུགས་པ6ལས་མཚོ་ལྷོའི་ཚབ་བྱེད་རུ་ཁག་དང་པོ་དང་གཉིས་པ་གཉིས་སུ་གྲུབ་སྟེ་ཐེངས་འདིའི་འགྲན་བསྡུར་དུ་ཞུགས་ཤིང་། འགྲན་ཞུགས་པ་གཅིག་ལ་ཕུལ་བྱུང་རྩོད་གླེང་བྱ་དགའ་དང་། འགྲན་ཞུགས་པ་གཞན་ཞིག་ལ་སྐད་གཉིས་གཏམ་བཤད་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ། མཚོ་ལྷོའི་ཚབ་བྱེད་རུ་ཁག་གཉིས་པར་ཚོགས་པའི་བྱ་དགའ་ཨང་གཉིས་པ་བཅས་ཐོབ།
བྱ་དགའ་ཐོབ་པའི་འགྲན་ཞུགས་པ་ཁག་ཅིག
མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་སྐོར་བསྐྱོད་པ་རྡོ་བརྟན་གྱིས་ཕུལ་བྱུང་གྲུབ་འབྲས་བླངས་པའི་རུ་ཁག་དང་མི་སྒེར་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག བོད་རྒྱ་སྐད་གཉིས་གཏུག་བཤེར་ལས་རིགས་འགྲན་བསྡུར་དང་སྦྱར་ཏེ་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བོད་རྒྱ་སྐད་གཉིས་གཏུག་བཤེར་ནུས་ཤུགས་དང་ཆུ་ཚད་མུ་མཐུད་དུ་གོང་འཕེལ་དུ་གཏོང་བའི་དགོངས་ཚུལ་བཏོན་པ་སྟེ། གཅིག་ནས་སྤྱི་ཡོངས་དང་འཐབ་ཇུས་ལ་དམིགས་ཏེ་བོད་རྒྱ་སྐད་གཉིས་ཀྱི་གཏུག་བཤེར་བྱ་བར་འཆར་འགོད་གནང་བ། གཉིས་ནས་འཕེལ་རྒྱས་དང་གསར་སྐྲུན་གྱི་བསམ་བློས་བོད་རྒྱ་སྐད་གཉིས་གཏུག་བཤེར་མི་སྣ་སྐྱེད་སྲིང་བྱེད་པ། གསུམ་ནས་ཁ་གཏོད་རང་བཞིན་དང་དངོས་འཐབ་རང་བཞིན་སྒོས་བོད་རྒྱ་སྐད་གཉིས་གཏུག་བཤེར་ནུས་ཤུགས་མཐོར་འདེགས་སུ་གཏོང་བ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com