«བོད་མཐའི་ཁྱིམ་ཚང»ཞེས་པའི་དཔེ་དེབ་མཚམས་སྦྱོར།
རྩོམ་པ་པོ།:བསོད་ནམས་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-01-25 08:42:38
ཀློག་གྲངས།:

«བོད་མཐའི་ཁྱིམ་ཚང»ཞེས་པའི་དཔེ་དེབ་མཚམས་སྦྱོར།
བསོད་ནམས་ཚེ་རིང་།
དཔེ་དེབ་འདི་ནི་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་ནས་བདུན་ཅུའི་སྐབས་ཀྱི་བོད་ལྗོངས་གཙང་ཁུལ་གྱི་དིང་རི་ས་ཆའི་སྤྱི་ཚོགས་དང་རིག་གནས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཞིབ་འབྲི་བྱས་ཡོད་པ་ཞིག་སྟེ། མི་རིགས་ཀྱི་ལོ་རྒྱུས་དཔེ་དེབ་ཅིག་རེད། དེབ་འདིའི་རྩོམ་པ་པོ་ནི་ཨ་མེ་རི་ཁའི་མིའི་རིགས་རིག་པའི་མཁས་པ་ཨ་ཅི་སུ(B.N.Aziz)ཡིན། ཁོ་མོའི་འབུམ་རམས་བསླབ་གནས་ཀྱི་དཔྱད་རྩོམ་མ་གདན་བྱས་ཏེ་ཕྱིས་སུ་དཔེ་དེབ་འདི་ཉིད་དཔར་སྐྲུན་བྱས་པ་ཞིག་རེད། དེ་ཡང་ཁོ་མོ་ཆེས་ཐོག་མར་དིང་རིའི་མི་དང་འབྲེལ་བ་བྱུང་དུས་ནི1969ལོ་ཡིན་པ་སྟེ། ལོ་དེར་ཁོ་མོ་བལ་ཡུལ་དུ་སླེབས་དུས་ས་དེར་གནས་སྤོར་བྱས་ཡོད་པའི་བོད་ལྗོངས་དིང་རི་ས་ཆའི་མི་དང་འབྲེལ་བ་བྱུང་། ཕྱིས་སུ1970ལོ་ནས1971ལོའི་བར་གྱི་ལོ་ངོ་གཅིག་ལྷག་རིང་ཡུལ་དངོས་བརྟག་ཞིབ་བྱས། དེ་དུས་ཁོ་མོ་འབུམ་རམས་སློབ་མ་ཞིག་ཡིན་ཞིང་། དིང་རིའི་མི་ནི་ཁོ་མོའི་ཞིབ་འཇུག་བྱ་ཡུལ་དུ་བདམས་ཤིང་མཐར་ཕྱིན་དཔྱད་རྩོམ་ལ«དིང་རིའི་མི»ཞེས་པ་བྲིས་ནས་ལེགས་འགྲུབ་བྱུང་། 1985ལོར་ཁོ་མོ་ཡང་བསྐྱར་ཕྱིར་ལོག་པའི་གོ་སྐབས་བྱུང་ནས་རྒྱུ་ཆ་མང་པོ་འཚོལ་སྡུད་དང་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ལོ་དེར་དཔེ་དེབ་འདི་ཉིད་དཔར་སྐྲུན་བྱས།
དཔེ་དེབ་འདི་ནི་མིའི་རིགས་རིག་པའི་ཞིབ་འཇུག་ཐབས་ལམ་སྤྱད་དེ་བྲིས་ཡོད་པ་ཞིག་སྟེ། དེ་ཡང་དིང་རི་ས་ཆ་དང་དིང་རིའི་མི་རྣམས་བརྗོད་བྱར་བཟུང་ནས་བྲིས་ཡོད་པ་ཞིག་ཡིན་ནའང་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ཀྱི་གནས་ཚུལ་དག་ཟུར་བལྟས་ལེབ་མཐོང་གི་ཚུལ་དུ་ཤེས་ཐུབ་པ་ཞིག་རེད། དེ་ཡང་དཔེ་དེབ་འདི་ས་བཅད་ཁག་བཅུ་གཅིག་གིས་གྲུབ་ཡོད་ལ། ས་བཅད་དང་པོར་དིང་རིའི་གནས་ཡུལ་དང་ས་བབ་ཆགས་ཚུལ། ཕྱིའི་བཀོད་པ་བཅས་ངོ་སྤྲོད་བྱས་ཡོད། ས་བཅད་གཉིས་པ་ནི་དིང་རིའི་ལོ་རྒྱུས་ཏེ། དིང་རི་ས་ཆའི་སྔོན་བྱུང་ལོ་རྒྱུས་དང་ཉེ་རབས་ཀྱི་ལོ་རྒྱུས། ད་ལྟའི་འཕོ་འགྱུར་གྱི་གནས་ཚུལ་བཅས་རགས་བསྡུས་སུ་བརྗོད་ཡོད་པ་རེད། ས་བཅད་གསུམ་པ་ནི་སྤྱི་ཚོགས་ཀྱི་རིམ་གྲས་ཏེ། འདིར་རྩོམ་པ་པོས་དིང་རིའི་སྤྱི་ཚོགས་སུ་རིམ་གྲས་མི་འདྲ་བ་བཞི་སྟེ། སྔགས་པ། སྐུ་དྲག མི་སེར། ཡ་སློང་བ་བཅས་བཞི་རུ་བགར་ཡོད་ཅིང་སོ་སོ་རྒྱུད་པ་ཡིས་བཞག་པར་འདོད་ཅིང་། དེ་དང་རྒྱ་གར་གྱི་རིགས་བཞིའི་དབྱེ་བ་གཉིས་བར་མི་འདྲ་བའི་ཁྱད་པར་ཡོད་ཚུལ་ཡང་བརྗོད་ཡོད་པར་མ་ཟད། དེ་གཉིས་གཅིག་ཏུ་ངོས་འཛིན་མཁན་དག་ལ་དགག་སྒྲུབ་དང་ཁོ་མོའི་ལྟ་ཚུལ་བཅས་ཀྱང་བརྗོད་ཡོད། ད་དུང་དིང་རིའི་སྤྱི་ཚོགས་ཀྱི་རིམ་གྲས་སོ་སོ་ཞིབ་ཅིང་ཕྲ་བའི་སྒོ་ནས་བརྗོད་ཡོད་པ་དང་དེ་དག་གི་གྲུབ་སྟངས་བཅས་ལ་དབྱེ་ཞིབ་བགྱིས་ཡོད། ས་བཅད་བཞི་པ་ནི་སེར་ཁྱིམ་དགོན་པ་སྟེ། སེར་ཁྱིམ་ཞེས་པ་དེ་ནི་དགེ་བསྙེན་གྱི་སྡོམ་པ་ཁས་བླངས་ཡོད་པའི་ཁྱིམ་པ་ཕོ་མོ་ལ་གོ་དགོས་ཏེ། དིང་རི་ས་ཆར་སེར་ཁྱིམ་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ཉི་ཤུ་ཙམ་ཟིན་ལ་སྡེ་བ27མཆིས། ཁོ་ཚོ་མཉམ་དུ་འདུས་སྡོད་བྱས་ཡོད་པའི་སྡེ་བ་ལ་སེར་སྐྱའི་དགོན་པ་ཞེས་འབོད། དེ་ཡང་སེར་ཁྱིམ་དང་སེར་ཁྱིམ་དགོན་པ་ནི་དིང་རིའི་ས་ཆར་དར་ཁྱབ་ཆེ་བའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པ་དང་། དེ་མིན་སེར་སྐྱའི་སྤྱི་ཚོགས་ཀྱི་གོ་གནས། ཁོ་ཚོའི་རྩ་འཛུགས། སེར་སྐྱའི་ཁོངས་མི་གསོ་སྐྱོང་བཅས་ལ་དབྱེ་ཞིབ་བགྱིས་ཏེ་ཞིབ་ཏུ་བརྗོད་ཡོད། ས་བཅད་ལྔ་པ་ནི་དཔལ་འབྱོར་ཏེ། དིང་རི་ནི་གཙང་གི་ལྷོ་མཐའ་ཡིན་པས་གནའ་དུས་ནས་ལྷོ་ཕྱོགས་རྒྱ་གར་དང་བལ་བོ་སོགས་སུ་བརྟོལ་བའི་བརྒྱུད་ལམ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ཡིན། འདིར་རྩོམ་པ་པོས་ཀྱང་དིང་རི་ནི་བལ་བོ་དང་བོད་ལྗོངས་གཉིས་ཀྱི་ཚོང་ལམ་དང་ཚོང་ཟོང་བརྗེ་རེས་བྱེད་ས་གལ་ཆེན་ཞིག་ཡིན་པ་བརྗོད་ཡོད་ལ། དེ་རུ་བརྗེ་རེས་བྱེད་པའི་དངོས་ཟོང་གཙོ་བོ་གང་དག་ཡིན་པ་དང་། ཚོང་པ་ཚོའི་ཚོང་གཉེར་བྱེད་སྟངས་དང་ཁོ་ཚོའི་འཚོ་བ་རོལ་སྟངས། སྡེ་བ་དང་མི་སེར་གྱི་ཉོ་འཚོང་གནས་སྟངས། སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ལ་སོགས་ཕྱོགས་སོ་སོ་ནས་ཞིབ་བརྗོད་བྱས་ཡོད། ས་བཅད་དྲུག་པ་ནི་ཁྲག་རྒྱུད་དང་གཉེན་ཉེ། ཁྱིམ་ཚང་དང་ཁྱིམ་མིའི་གནས་སྡོད་ཀྱི་རྣམ་པ་བཅས་ཀྱི་སྐོར་ཡིན། དེ་ཡང་འདིར་རྩོམ་པ་པོའི་བློ་ཡུལ་ལས་འགོངས་པ་ཞིག་ནི་དིང་རིའི་མི་རྣམས་ཀྱིས་ཁྱིམ་མིའམ་ཤ་ཉེ་ལ་འཛིན་པའི་ལྟ་བ་སྟེ། ཁང་པ་གཅིག་ཏུ་སྐྱིད་སྡུག་མཉམ་ཁུར་གྱིས་འཚོ་བ་རོལ་མཁན་གྱི་མི་ཚང་མར་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད་མེད་ལ་ཁྱད་མེད་པར་མི་ཚང་མ་དུད་ཚང་གཅིག་ཏུ་གཏོགས་ཤིང་དུད་ཚང་རེ་ལ་མིང་རེ་ཡོད། མིང་དེ་དུད་ཚང་གཅིག་ཏུ་གཏོགས་པའི་མི་ཚང་མ་ལ་དབང་ཞིང་། དུད་ཚང་གི་མིང་དེ་ཡིས་ཁོ་ཚོའི་ཁྱིམ་མིའི་འབྲེལ་བ་མཚོན་བཞིན་ཡོད། ས་བཅད་བདུན་པ་ནི་གཉེན་སྲོལ་གྱི་སྐོར་ཏེ། འདིར་གཉེན་སྒྲིག་བྱེད་མི་ཆོག་པའི་ཁྱབ་ཁོངས་ཀྱི་བརྩི་ཚུལ། བུ་སྤུན་མནའ་མ་མཉམ་བསུ་དང་བུ་མོ་སྤུན་ལ་མག་པ་གཅིག་བསུ་བ། རིམ་གྲས་ནང་ཁུལ་གྱི་གཉེན་སྒྲིག་དང་དེ་ལས་ལྡོག་སྟེ་རིམ་གྲས་གོང་འོག་གི་གཉེན་སྒྲིག་ལ་སོགས་བརྗོད་ཡོད་ཅིང་། བུ་སྤུན་མནའ་མ་མཉམ་བསུ་གནས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཡང་དག་བྱས་ཡོད་པ་སྟེ། དེ་ཡང་དིང་རི་ས་ཆའི་ཞིང་ལས་སམ་ཚོང་ལས་གང་ལའང་ཆེས་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་ནི་ངལ་རྩོལ་ནུས་ཤུགས་ཡིན། དེ་བས་སྒེར་གྱི་ཁྱིམ་ཚང་གི་རྩ་འཛུགས་དང་སྲིད་གཞུང་གི་ཁྲལ་འུ་ལག་ལམ་ལུགས་ཀྱང་དེ་དང་འབྲེལ་བ་ངེས་ཅན་ཡོད་དེ། དཔེར་ན་ཤུག་གཅིག་ཁྱོ་མང་གི་གཉེན་སྲོལ་ནི་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་སྲུང་འཛིན་ལ་དགེ་མཚན་ལྡན་ཞིང་། ཁྱིམ་ཚང་དུ་ངལ་རྩོལ་བྱེད་པའི་ཁྱིམ་མི་མང་ན་དེ་ཚང་འབྱོར་བ་ལྡན་པར་ངོས་འཛིན་བྱེད་ཆོག་ལ། དེ་ལྟ་བུའི་ཁྱིམ་ཚང་ལ་མི་ཚང་ཆེན་པོ་ཞེས་འབོད། དེ་ལས་ལྡོག་ཏེ་ཁྱིམ་མི་ཉུང་ན་འབྱོར་བ་ཞན་པར་མ་ཟད་དེ་ལྟ་བུའི་ཁྱིམ་ཚང་ལ་དུད་ཆུང་ཞེས་འབོད། ཡང་སྲིད་གཞུང་གིས་མི་སེར་ལ་སྤྲད་པའི་ས་ཞིང་དེ་མི་རབས་ནས་མི་རབས་སུ་བདག་གཉེར་བྱས་ཏེ་ཁྲལ་འཇལ་དགོས་ཤིང་བུ་ཚ་བརྒྱུད་པ་མེད་པ་ཡིན་ན་བུ་སྐལ་གཉོར་ཏེ་ཁྱིམ་ཚང་གི་ས་ཞིང་བདག་གཉེར་འཕྲོ་བསྐྱངས་དགོས་པ་ལྟ་བུའོ། །ས་བཅད་བརྒྱད་པ་ནི་གཉེན་སྒྲིག་དང་ཁྱིམ་ཚང་གི་འཚོ་ཚིས་སྐོར་ཏེ། གཉེན་རྟགས་དང་བུ་མོའི་རྫོང་སྐལ་གྱི་སྐོར་དང་། གཉེན་སྟོན་གྱི་གོ་རིམ་ཆ་ཚང་བཅས་ཞིབ་བརྗོད་བྱས་ཡོད་ལ། ཁྱོ་ག་དང་ཆུང་མ་གཉིས་ཀྱི་ལས་བགོས་དང་གོ་གནས་བཅས་ལའང་ཞིབ་ཕྲས་ལྟ་ཞིབ་བྱས་ནས་ཧ་ཅང་གནད་ལ་འཁེལ་བ་བརྗོད་ཡོད། ས་བཅད་དགུ་པ་ནི་མི་ཕན་ཚུན་རོགས་པ་བྱས་ཏེ་མཉམ་ལས་བྱེད་པའི་སྐོར་ཡིན་ཏེ། འདིར་རྩོམ་པ་པོས་གྲོགས་པོའམ་གྲོགས་ཚོགས་ནི་སྤྱི་ཚོགས་ཀྱི་དགོས་མཁོ་གང་རུང་ཞིག་ལས་གྲུབ་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱས་ཡོད་དེ། གཉིས་ཕན་ནི་ཁོ་ཚོའི་རྩ་དོན་ཡིན་ཞིང་དེ་ཚོ་མཐུན་ཚོགས་ཀྱི་རྣམ་པ་ལྟ་བུར་ཆགས་ཡོད། དེར་བྱེད་ནུས་ངེས་ཅན་ཞིག་ལྡན་པར་དབྱེ་ཞིབ་བྱས་ཡོད་དེ། དཔལ་འབྱོར་དང་ཆབ་སྲིད་ཐད་ཀྱི་བྱེད་ནུས་ངེས་ཅན་ལྡན་པ་བརྗོད་ཡོད། གཞན་ཡང་དིང་རིའི་སྤྱི་ཚོགས་ཀྱི་དགའ་ཉེ་ཞེས་པའི་མིའི་འབྲེལ་བའི་སྐོར་བརྗོད་ཡོད་དེ། དེ་ལྟ་བུའི་འབྲེལ་བ་ནི་དིང་རི་སྤྱི་ཚོགས་ཀྱི་རྩ་བའི་ཁྱད་ཆོས་ཤིག་ཡིན་པར་འདོད། དགའ་ཉེ་ནི་མི་ཕན་ཚུན་གྱི་མཛའ་བརྩེའི་འབྲེལ་བར་གོ་སྟེ། ཨ་མདོའི་ས་ཆར་མནའ་བཅད་དང་ཤག་པོར་འབོད་པ་དེ་གཉིས་གཅིག་མིན་ནམ་སྙམ། དེ་ལ་བྱེད་ནུས་ནི་མི་འདྲ་བ་མང་ནའང་འུ་ལག་གི་བྱེད་ནུས་ནི་གལ་ཆེ་ཤོས་ཤིག་ཡིན་པ་དང་། དེའང་འུ་ལག་ནི་ཕན་ཚུན་བར་ལེགས་སྐྱེས་བརྗེ་རེས་སམ་གཉིས་ཕན་གྱི་འབྲེལ་བ་ཞིག་སྟེ། དིང་རིའི་སྤྱི་ཚོགས་སུ་བྱིས་པ་བཙའ་བ་དང་གཉེན་སྟོན་སྤེལ་བ། དགེ་བ་སྒྲུབ་དུས་བཅས་ཀྱི་སྐབས་ནི་ཕན་ཚུན་བར་གཉིས་ཕན་གྱི་འབྲེལ་བ་དེ་ལྟ་བུ་འཛུགས་པའི་སྐབས་ཡིན་ལ། དེ་ནི་རྩ་བའི་ཐོག་ཕན་ཚུན་མཉམ་ལས་དང་རོགས་པ་བྱེད་པ་ཞིག་ཡིན་པས་དེ་ནི་དིང་རིའི་སྤྱི་ཚོགས་ཀྱི་རྩ་བའི་ཁྱད་ཆོས་ཤིག་ཏུ་ངོས་བཟུང་ཡོད། ས་བཅད་བཅུ་པ་ནི་དིང་རི་ས་ཆའི་བླ་མ་སྤྲུལ་སྐུའི་སྐོར་ཏེ། དིང་རི་ས་ཆའི་དགོན་པ་མཐའ་དག་གི་གྲངས་འབོར་དང་གནས་ཚུལ་མདོར་བསྡུས་དང་དགོན་བདག་བླ་མ་རེ་རེ་བཞིན་བརྗོད་ཡོད་དེ། དེའི་ནང་ཤེལ་དཀར་དགོན་དང་བྲག་རོང་དགོན་པ་གཉིས་དཔེ་གཞིར་བདམས་ཏེ་དཔྱད་ཞིབ་བྱས་ཡོད་པ་དང་། དགོན་པའི་གྲྭ་རྒྱུན་གྱི་ཡོང་ཁུངས་ལ་དམིགས་བསལ་གྱིས་ཞིབ་འཇུག་དོ་སྣང་མཛད་ཡོད། ས་བཅད་བཅུ་གཅིག་པ་ནི་ཆོས་ལུགས་འཚོ་བའི་རྣམ་པ་སྟེ། དགོན་པ་དང་ཆོས་ལུགས་བྱེད་སྒོ་དག་གི་སྐོར་བརྗོད་ཡོད། དེ་ཡང་རྩོམ་པ་པོས་དངོས་ཞུགས་ལྟ་ཞིབ་དང་བཅར་འདྲི་ལ་སོགས་བརྟག་དཔྱད་ཞིབ་འཇུག་གང་མང་བྱས་མཐར་དཔྱད་འཇོག་འདི་ལྟར་གནང་ཡོད་དེ། དིང་རི་ས་ཆར་ཆོས་ལུགས་གྲུབ་མཐའ་མང་པོ་མཉམ་གནས་བྱས་ཡོད་ཅིང་། ཆོས་པ་མི་གྲངས1700ལྷག་དང་དགོན་པ56ཙམ་མཆིས། རྒྱ་གར་ཕ་དམ་པ་སངས་རྒྱས་ཀྱི་སྐུ་དྲིན་ལས་དིང་རི་ནི་ཞི་བྱེད་པའི་གྲུབ་མཐའི་འབྱུང་གནས་སུ་གྱུར་ཡོད། ད་ལྟའང་རྙིང་མ་དང་བཀའ་བརྒྱུད་པ་དགེ་ལུགས་བཅས་ཀྱི་གྲུབ་མཐའ་ཡང་དར་ཡོད། དེ་མིན་མི་སེར་གྱི་དད་པ་ལའང་གྲུབ་མཐའི་ཁྱད་པར་ཅི་ཡང་མེད་ཅིང་ཐ་ན་བླ་མ་དག་གིས་ཀྱང་ཆོས་གསན་དུས་གྲུབ་མཐའ་རིས་མེད་ཀྱི་བླ་མ་ལས་ཆོས་གསན་པ་ཡིན། དེ་བས་དིང་རི་སྤྱི་ཚོགས་སུ་གྲུབ་མཐའ་རིས་མེད་ཀྱི་ཁྱད་ཆོས་གྲུབ་ཡོད། དེ་ལྟ་བུའི་གྲུབ་མཐའ་མང་པོ་མཉམ་གནས་ཐུབ་པའི་རྒྱུ་རྐྱེན་ནི་གྲུབ་མཐའ་ཁག་གི་ནུས་པའམ་བྱེད་ནུས་མི་འདྲ་བ་ལས་བྱུང་བར་འདོད་དེ། དཔེར་ན། དགེ་ལུགས་པའི་དགོན་པ་ཆེ་ཤོས་ཤེལ་དཀར་ཆོས་སྡེ་ཡིས་སྲིད་འཛིན་དོ་དམ་ཐད་ནས་མི་རྣམས་ལ་སྐུལ་ལྕག་གཏོང་ཞིང། རྙིང་དགོན་བྲག་རོང་དགོན་གྱིས་མི་རྣམས་ལ་བསམ་པའི་རྒྱགས་ཕྱེ་བསྣམས་ཏེ་སྤྱོད་པ་ལེགས་བཅོས་གཏོང་བ་ལ་ནུས་པ་འདོན་བཞིན་ཡོད་པ་ལྟ་བུ་རེད།
མདོར་ན། དཔེ་དེབ་འདི་ནི་མི་རིགས་རིག་པའི་ཞིབ་འཇུག་པ་ཞིག་གིས་རང་ཉིད་ཀྱིས་ངོས་ཞུགས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་བྲིས་པའི་བརྩམས་ཆོས་ཤིག་ཡིན་པ་ལས་རང་ཉིད་ཀྱི་འཆར་སྣང་དང་འོལ་ཚོད་ཀྱིས་རང་སྣང་གང་ཤར་རམ་བབ་ཅོལ་གྱི་གཏམ་དེ་འདྲ་མ་ཡིན་པས་དིང་རི་ས་ཆའི་རིག་གནས་དང་སྤྱི་ཚོགས་ཀྱི་གནས་ཚུལ་དངོས་མ་དེ་བརྗོད་ཡོད་ལ། བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་བརྗོད་དང་དཔྱད་ཞིབ་གནང་ཡོད་པས་དཔེ་དེབ་ཤིན་ཏུ་རྩ་ཆེན་ཞིག་ཡིན་པ་སྟེ། འདི་ལས་དིང་རི་ས་ཆའི་རིག་གནས་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནས་ཚུལ་གསལ་ལེར་མཐོང་ཐུབ་པར་མ་ཟད། བོད་ཁམས་ཧྲིལ་པོའི་རིག་གནས་དང་སྤྱི་ཚོགས་ཀྱང་ཟུར་བལྟས་ལེབ་མཐོང་གིས་མཐོང་ཐུབ། ལྷག་པར་རང་རིགས་ལ་མཚོན་ན་དཔེ་དེབ་འདི་ནི་རང་ཉིད་ལ་བལྟ་བའི་མེ་ལོང་ཞིག་སྟེ། མེ་ལོང་འདི་གཡར་ནས་རང་ཉིད་ལ་ཡང་ཡང་ཕྱིར་རྟོག་དང་བསམ་གཞིག་བྱེད་ཐུབ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།