མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་ལེ་ཚན་གསར་བ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་བྱ་བ་སྒྲུབ་མཁན་གྱིས་ཀྲུང་དབྱང་བོད་སྐད་
རླུང་འཕྲིན་ཁང་ལ་ལེ་ཚན་བསྐུར་བར་ཚོད་ལྟ་བྱེད་བཞིན་པ།
ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་བསྒྲུབས་པའི་ཨམ་སྐད་ཀྱི་རླུང་འཕྲིན་ལེ་ཚན་དངོས་སུ་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་ལས་གཏོང་རྒྱུ་ཡིན་པ་དང་། ཉིན་རེའི་ལེ་ཚན་གྱི་རིང་ཚད་དུས་ཚོད་གཅིག་རེད།
བོད་ཀྱི་ཉན་མཁན་དག་གི་རིག་གནས་འཚོ་བའི་དགོས་མཁོ་སྔར་ལས་བཟང་པོར་བསྐོང་ཆེད། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་ལེ་ཚན་བཅོས་སྒྱུར་བྱེད་རྒྱུ་ཡིན་པར་མ་ཟད། བོད་ལྗོངས་རླུང་འཕྲིན་ཁང་དང་མཚོ་སྔོན་རླུང་འཕྲིན་ཁང་། སི་ཁྲོན་རླུང་འཕྲིན་ཁང་བཅས་ས་ཆ་སོ་སོའི་རླུང་འཕྲིན་ཁང་གི་ཐོན་ཁུངས་གཅིག་ཏུ་བསྡུས་ཏེ། ཨམ་སྐད་དང་དབུས་སྐད། ཁམས་སྐད་གསུམ་གྱི་ལམ་ནས་སྒྲ་བཏང་སྟེ། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཛུགས་སྐྲུན་སོགས་ཐད་ཀྱི་གནས་ཚུལ་ཆེས་གསར་བ་བསྒྲགས་ཏེ། མི་རིགས་ཀྱི་རིག་གནས་སྔར་ལས་བཟང་པོའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་རེད།
ཐེངས་འདིའི་ལེ་ཚན་བཅོས་སྒྱུར་ཁྲོད་དུ། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་ཉིན་རེར་དུས་ཚོད་གཅིག་གི«ཁྲི་ཤོར་རྒྱལ་མོའི་རླབས་སྒྲ»ཞེས་པའི་ལེ་ཚན་ཞིག་ཀྲུང་དབྱང་བོད་སྐད་རླུང་འཕྲིན་ཁང་ལ་བསྐུར་རྒྱུ་ཡིན་པ་དང་། ལེ་ཚན་འདི་ཉིན་རེའི་དགོང་མོའི་དུས་ཚོད་བཅུ་ནས་བཅུ་གཅིག་བར་དུ་ཐེངས་དང་པོར་གཏོང་རྒྱུ་ཡིན་ཞིང་། ཕྱི་ཉིན་སྔ་དྲོའི་དུས་ཚོད་བཅུ་ནས་བཅུ་གཅིག་བར་བསྐྱར་གཏོང་བྱེད་རྒྱུ་རེད། ལེ་ཚན་གྱི་ནང་དོན་ནི་མཚོ་སྔོན་གྱི་བོད་ཁུལ་དང་ཨམ་མདོའི་ས་ཆ་གཞན་པའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། སློབ་གསོ། རོལ་རྩེད་སོགས་ཕྱོགས་ཀྱི་གསར་འགྱུར་དང་ཆེད་བསྒྲིགས་ལེ་ཚན་ཡིན་ལ། དེས་ས་ཆ་འདི་དག་གི་མི་དམངས་མང་ཚོགས་ཀྱིས་ཆ་འཕྲིན་ལ་རྒྱུས་ལོན་བྱེད་པར་ཞབས་འདེགས་ཞུ་རྒྱུ་ཡིན་པ་དང་ཆབས་ཅིག ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་ཕ་ཡུལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་སྟེགས་བུ་ཞིག་འདོན་སྤྲོད་བྱེད་རྒྱུ་རེད།
བོད་རིགས་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་གཙོ་བོ་ཞིག་ཡིན་ལ། ཡུལ་སྐད་ལ་ཨམ་སྐད་དང་དབུས་སྐད། ཁམས་སྐད་གསུམ་ཡོད། ད་ལྟ་ཨམ་སྐད་བཀོལ་བའི་མི་ས་ཡ་གསུམ་ལ་ཉེ་བ་དང་། རྒྱལ་ཡོངས་ཀྱི་བོད་རིགས་མི་གྲངས་སྤྱིའི་ཕྱེད་ཀའི་ཡན་ཟིན་ཡོད་ལ། གཙོ་བོ་མཚོ་སྔོན་དང་ཀུན་སུའུ། སི་ཁྲོན། བོད་ལྗོངས་བཅས་སུ་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com