བོད་ལྗོངས་མི་རིགས་སློབ་གླིང་དང་ཨ་རིའི་ནཱ་སཱ་ལི་སློབ་ཆེན་བར་མཉམ་ལས་འབྲེལ་བ་བཙུགས་པ།
སློབ་གཙོ་ལི་ཧོང་ཧྲུན་དང་སློབ་གཙོ་གཞོན་པDr. Burton Webbགཉིས་
མཉམ་འབྲེལ་གྲོས་མཐུན་གྱི་མིང་རྟགས་འགོད་བཞིན་པ།
ཟླ3ཚེས31ཉིན། བོད་ལྗོངས་མི་རིགས་སློབ་གླིང་དང་ཨ་རིའི་ནཱ་སཱ་ལི་སློབ་ཆེན་གཉིས་བར་དངོས་སུ་ཕན་ཚུན་མཉམ་འབྲེལ་བྱེད་པའི་འགོ་བརྩམས་ཤིང་། བོད་ལྗོངས་མི་རིགས་སློབ་གླིང་གི་ཏིང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ་ལི་ཧོང་ཧྲུན་གཉིས་ཀྱིས་སློབ་གླིང་གི་ཚབ་བྱས་ཏེ་ནཱ་སཱ་ལི་སློབ་གླིང་གི་སློབ་གཙོ་གཞོན་པDr. Burton Webbདང་ཕན་ཚུན་མཉམ་འབྲེལ་གྱི་མིང་རྟགས་བཀོད་པ་རེད།
སློབ་གྲྭ་གཉིས་ཀྱི་འབྲེལ་ཡོད་མི་སྣ་རྣམས་ལྷན་དུ་པར་བསྐྱོན་པ།
མིང་རྟགས་འགོད་པའི་མཛད་སྒོ་སྟེང་། ཨ་རིའི་ནུབ་བྱང་ནཱ་སཱ་ལི་སློབ་གླིང་གི་སློབ་གཙོ་གཞོན་པDr. Burton Webbཡིས“ང་རང་དགའ་འོས་པ་ཞིག་ནི་སློབ་གྲྭའི་དགེ་སློབ་བར་ཕན་ཚུན་བསམ་བློ་བརྗེ་རེས་དང་ཕན་ཚུན་ལ་སློབ་སྦྱོང་བྱེད་པ་སོགས་ཀྱི་ཕྱོགས་ནས་འབྲེལ་འདྲིས་ཀྱི་བྱ་འགུལ་སྤེལ་པའི་དུས་སྐབས་བཟང་བོར་བསྟུན་ཏེ་སློབ་མ་གང་མང་ཞིག་གིས་བོད་ལྗོངས་ལ་སྔར་ལས་ལྷག་པར་རྒྱུས་ལོན་ཟབ་མོ་བྱེད་ཐུབ་པ་དེ་ཡིན”ཟེར།
རྟེན་འབྲེལ་གྱི་ཁ་བཏགས་དཀར་པོའི་ལག་སྐྱེས་ཕུལ་པ།
ཕན་ཚུན་ལ་ལེགས་སྐྱེས་འབུལ་བའི་དུས་སུ། བོད་ལྗོངས་མི་རིགས་སློབ་གླིང་གི་ཏིང་ཨུའི་ཧྲུའུ་ཅི་འཕྲིན་ལས་དབང་རྒྱལ་གྱིསDr. Burton Webbལ་རྟེན་འབྲེལ་གྱི་ཁ་བཏགས་དཀར་པོ་ཕུལ་ཞིང་། སློབ་གཙོ་ལི་ཧོང་ཧྲུན་དང་སློབ་གཙོ་གཞོན་པDr. Burton Webbགཉིས་ཀྱིས་རང་སོ་སོའི་སློབ་གྲྭའི་གནས་བབ་དང་ཁྱད་ཆོས། སློབ་སྒྲུབ་དམིགས་ཡུལ་སོགས་ངོ་སྤྲོད་རགས་བསྡུས་བྱས་པ་མ་ཟད། Dr. Burton Webbཡིས་བོད་ལྗོངས་མི་རིགས་སློབ་གླིང་གི་འབྲེལ་ཡོད་འགན་ཁུར་བ་ནཱ་སཱ་ལི་སློབ་གླིང་ལ་ལྟ་ཞིབ་བྱེད་པར་གདན་དྲངས་པ་རེད།
ཕན་ཚུན་གྲོས་མཐུན་བྱུང་བ་ལྟར་ན། བོད་ལྗོངས་མི་རིགས་སློབ་གླིང་དང་ནུབ་བྱང་ནཱ་སཱ་ལི་སློབ་གླིང་གཉིས་ཀྱིས་དགེ་སློབ་འབྲེལ་འདྲིས་སམ་ཕན་ཚུན་བར་དགེ་སློབ་མངགས་ཏེ་སློབ་སྦྱོང་དང་བྱ་ལས་སྒྲུབ་པ་དང་། སློབ་མས་རང་སྟེང་ནས་འགྲོ་གྲོན་བཏང་སྟེ་ཅིག་ཤོས་ཕྱོགས་ཀྱི་སློབ་གྲྭར་སློབ་སྦྱོང་བྱེད་དུ་འགྲོ་བར་སྐུལ་བསྟོད་དང་། མཉམ་འབྲེལ་སྒོས་རིག་གཞུང་ཞིབ་འཇུག་དང་རིག་གཞུང་མཉམ་འབྲེལ་གྱི་བྱ་འགུལ་སྤེལ་རྒྱུ་དང་། པར་སྐྲུན་ཐོན་རྫས་དང་དཔེ་ཚོགས། ཆ་འཕྲིན་ཡིག་ཚགས། ཉར་ཚགས་བཤམ་སྟོན་དངོས་རྫས། སློབ་ཁྲིད་འཆར་འགོད་དང་སློབ་ཁྲིད་ཞིབ་བརྗོད་སོགས་ཀྱི་ཆ་ནས་ཕན་ཚུན་བརྗེ་རེས་བཅས་བྱ་རྒྱུ་རེད།
བོད་ལྗོངས་མི་རིགས་སློབ་གླིང་གི་སློབ་གཙོ་གཞོན་པ་བཀྲ་ཤིས་ཚེ་རིང་གིས་
དཔེ་མཛོད་ཁང་གི་གནའ་དཔེ་ངོ་སྤྲོད་བྱེད་བཞིན་པ།
ཨ་རིའི་ནུབ་བྱང་ནཱ་སཱ་ལི་སློབ་གླིང(NNU)ནི་སྤྱི་ལོ1913ལོར་བཙུགས་ཤིང་། ཨ་རིའི་ཨེ་ཏཱ་ཧོའོ(Idaho)བྷོ་ཡཱའུ་སིའི(Boise) གྲོང་ཁྱེར་ཉེ་འགྲམ་གྱི་འཁོར་སྐར་གྲོང་ཁྱེར་ནཱ་ཕཱ(Nampa)ན་ཆགས་ཡོད་པ་དང་། ཨ་རིའི་ཨེ་ཏཱ་ཧོའོ(Idaho)ཞེས་པའི་ས་ཁུལ་འདིའི་ལོ་རྒྱུས་ཆེས་རིང་ཤོས་ཀྱི་སྒེར་གཉེར་སློབ་གྲྭ་ཞིག་ཡིན། སློབ་གྲྭ་འདིར་ཚོང་གཉེར་སློབ་གླིང་དང་། སློབ་གསོ་སློབ་གླིང་། གླུ་གཞས་སློབ་གླིང་། མང་ཚོགས་སྨྱན་སྤེལ་སློབ་གླིང་། ནད་གཡོག་སློབ་གླིང་། དར་མའི་སློབ་གསོ་གླིང་། སྒྱུ་རྩལ་གླིང་། རྩིས་འཁོར་གླིང་། སྐྱེ་དངོས་གླིང་། རང་བྱུང་ཚན་རིག་གླིང་། ལུས་རྩལ་གླིང་། དབྱིན་ཡིག་གླིང་སོགས་སློབ་གླིང་དུ་མ་མཆིས་ཤིང་། དངོས་གཞིའི་ཆེད་ལས60ལྷག་དང་རབ་འབྱམས་པའི་ཆེད་ལས30ལྷག་བཙུགས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com