བོད་ལྗོངས་ཀྱི་དྲ་བའི་ཆེད་མཁས་པས་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་ཡོངས་གློག་རྡུལ་ཅན་དུ་བསྒྱུར་བཞིན་ཡོད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་སྲིད་གྲོས་ཚགས་པར། དུས་ཚོད།:2011-06-09 10:26:00 ཀློག་གྲངས།:

            མིག་སྔར་བོད་རང་ལྗོངས་གསོ་རིག་སློབ་གླིང་གི་དཔེ་མཛོད་ཁང་གི་དྲ་བའི་ལྟེ་གནས་ཀྱི་ཀྲུའུ་རིན་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་གླང་མཐོང་རྡོ་རྗེ་སྒྲོལ་དཀར་གྱིས་སྔ་ན་མེད་པའི་རླབས་ཆེན་གྱི་བྱ་བ་ཞིག་སྒྲུབ་བཞིན་ཡོད་དེ།   ཕོ་བྲང་པོ་ཏ་ལར་ཉར་བའི་བོད་ཀྱི་གསོ་བ་རིག་པ་དང་གནམ་དཔྱད་སྐར་རྩིས་ཀྱི་དཔེ་རྙིང་ཡོངས་གློག་རྡུལ་གྱིས་འདྲ་བཤུ་བྱས་ཏེ་དེ་དག་གི་གློག་རྡུལ་པར་མ་རུ་བཟོ་བཞིན་ཡོད་པ་རེད།
            ཟླ་བ་འདི་ཚོའི་རིང་གི་ཉིན་རེ་རེའི་ཞོགས་པའི་ཆུ་ཚོད8:30སྟེང་། གླང་མཐོང་རྡོ་རྗེ་སྒྲོལ་དཀར་དང་ལས་གཞི་ཚན་ཁག་གི་ལས་གྲོགས་རྣམས་དུས་ཐོག་ཏུ་ཕོ་བྲང་པོ་ཏ་ལར་འབྱོར་ཞིང་།   དཔེ་རྙིང་གི་གྲངས་ཚད་ལེན་པ་དང་མིང་རྟགས་འགོད་པའི་བྱ་བ་རྣམས་བསྒྲུབས་ནས་ཕལ་ཆེར་ཆུ་ཚོད10ལ་སླེབས་དུས། གླང་མཐོང་རྡོ་རྗེ་སྒྲོལ་དཀར་གྱིས་ཉིན་དེར་གློག་རྡུལ་གྱིས་འདྲ་བཤུ་བགྱི་དགོས་པའི་དཔེ་རྙིང་རྣམས་ཁྱེར་ཏེ་བོད་ལྗོངས་གསོ་རིག་སློབ་གླིང་གི་དཔེ་མཛོད་ཁང་གི་ལས་སྒྲུབ་ཁང་དུ་ཕྱིར་ལོག་འགྲོ་བ་དང་།   མོ་དང་མཉམ་དུ་ཡོང་མཁན་ལ་ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་ཚན་ཁག་གི་ངག་དབང་ཆོས་ཉིད་ཡོད་ལ། ངག་དབང་ཆོས་ཉིད་ཀྱིས་དཔེ་རྙིང་འཁྱེར་རོགས་བྱེད་དགོས་པ་ལས་གཞན་ད་དུང་དཔེ་རྙིང་དག་ལ་གློག་རྡུལ་གྱིས་འདྲ་བཤུ་བྱེད་སྐབས་གནོད་སྐྱོན་མི་ཕོག་པ་དང་དེ་དག་བོར་བརླག་མི་བྱེད་པར་ཁག་ཐེག་བྱ་དགོས།  དཔེ་རྙིང་རྣམས་ཕྱི་དྲོའི་ཆུ་ཚོད་བཞི་བའི་སྔོན་ལ་ཕྱིར་ཕོ་བྲང་པོ་ཏ་ལར་སྐྱེལ་དགོས་ཤིང་སྐབས་ཐོག་དེར་དཔེ་རྙིང་ཤོག་ལྷེ་རེ་རེ་བཞིན་ཚང་རྩིས་བྱས་ནས་དཔེ་སྒྲོམ་དུ་འཇོག་དགོས།
            སྔ་དྲོའི་ཆུ་ཚོད10ནས་ཕྱི་དྲོའི་ཆུ་ཚོད4བར་གྱི་ཟ་མ་བཟའ་བའི་དུས་ཚོད་ཕུད། དཔལ་སྒྲོན་དང་གཡང་འཛོམས། ཚེ་རིང་ལྷ་མོ། བཀྲ་ཤིས་ལྷ་འཛོམས་བཅས་བུ་མོ་བཞི་བོ་སོ་སོས་གློག་རྡུལ་གྱིས་འདྲ་བཤུ་བྱེད་པ་དང་སྒྲིག་སྦྱོར་བྱེད་པ།   ཉམས་གསོ་བྱེད་པ།  བསྐྱར་དཔར་བྱེད་པ་སོགས་ལས་རིམ་བདུན་གྱི་འགན་ཁུར་དགོས།
            དེ་སྔོན་གསར་འགོད་པས་བཅར་འདྲི་བྱེད་སྐབས། བུ་མོ་དེ་ཚོས་ཤོག་གྲངས300ལྷག་ཡོད་པའི་ཕོ་བྲང་པོ་ཏ་ལའི་ལོ་ངོ600ལྷག་གི་ཡར་སྔོན་གྱི་དཔེ་རྙིང་ཞིག་ལ་གློག་རྡུལ་གྱིས་འདྲ་བཤུ་བྱེད་བཞིན་པའི་སྒང་རེད།   
            གླང་མཐོང་རྡོ་རྗེ་སྒྲོལ་དཀར་གྱིས་གསར་འགོད་པར“བྱ་བ་ཧ་ཅང་ཡག་པོ་འཁྱོངས་སྐབས་བུ་མོ་བཞི་བོས་ཉིན་གསུམ་གྱི་རིང་ལ་དཔེ་རྙིང་ཤོག་ལྷེ200ལྷག་བསྒྲུབས་ཐུབ”ཅེས་གསུངས་བྱུང་།   དཔེ་རྙིང་ཡོད་ཚད་ཐད་ཀར་གློག་རྡུལ་གྱིས་འདྲ་བཤུ་བྱས་ཆོག་པ་མ་ཡིན་པར། གསེར་ཆུས་བྲིས་པའི་དཔེ་རྙིང་དེ་དག་ལ་ཐོག་མར་ད་དུང་པར་ལེན་དགོས་པས་ལས་ཀའི་རིམ་པ་གཅིག་ཇེ་མང་དུ་སོང་ཡོད་པ་རེད། 
            གླང་མཐོང་རྡོ་རྗེ་སྒྲོལ་དཀར་གྱིས་ཁོ་ཚོའི་སྣེ་ཁྲིད་དེ་སྒྲུབ་བཞིན་པའི་བྱ་བ་འདི་ན་ནིང་གི་ཟླ་བརྒྱད་པར་མགོ་བརྩམས་ཤིང་། ཟླ་བ་ལྔའི་རིང་དཀའ་སྤྱད་བྱས་པ་བརྒྱུད་ད་ལྟ་ལས་སྒྲུབ་ཁང་ནང་གི་ལྷོ་ངོས་ཀྱི་གྱང་ལྡེབས་སུ་ཤེལ་གྱི་དཔེ་སྒྲོམ་ཞིག་བཞག་ཡོད་ཅིང་། དེའི་ནང་དུ་མིག་སྔར་དཔར་བའི་དཔེ་རྙིང་ཚོན་ལྡན་དཔར་མ་ཆག་ཐོ་མཐུག་པོ་མང་བོ་བཞག་འདུག  གླང་མཐོང་རྡོ་རྗེ་སྒྲོལ་དཀར་གྱིས་ལག་པ་ཤེལ་གྱི་དཔེ་སྒྲོམ་ལ་གཏུགས་ནས་དགའ་སྤྲོའི་ངང་“མིག་སྔར་ང་ཚོས་ཤོག་ལྷེ་ཁྲི7ལྷག་གློག་རྡུལ་གྱིས་འདྲ་བཤུ་བྱས་ཚར། འདི་ང་ཚོའི་གསར་གཏོད་ཅིག་ཡིན” ཞེས་གསུངས།
            བོད་རང་སྐྱོང་ལྗོངས་སུ་བོད་ཡིག་དཔེ་རྙིང་གཙོ་བྱས་པའི་ཡིག་རིགས་སྣ་མང་གི་དཔེ་རྙིང་ཉར་ཚགས་བྱས་ཡོད་ཅིང་། དཔེ་རྙིང་འདི་དག་ལོ་རྒྱུས་དུས་ཡུན་རིང་བོ་བརྒྱུད་ཡོད་པ་དང་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་རིང་བའི་ལོ་རྒྱུས་རིག་གནས་ཀྱི་བདེན་དཔང་རེད་ལ། ཀྲུང་ཧྭ་མི་རིགས་དང་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་གི་ཤུལ་བཞག་ནོར་བུ་གལ་ཆེན་རེད།  མིག་སྔར། རྒྱལ་ཡོངས་སུ་བོད་ཡིག་དཔེ་རྙིང་ཁྱོན་སྡོམ་ཁྲི་བརྒྱ་ཡན་ཆད་ཡོད་ལ། དེ་ལས་གསུམ་ཆ་གཉིས་ཙམ་བོད་རང་སྐྱོང་ལྗོངས་སུ་ཉར་ཚགས་བྱས་ཡོད། ཡིན་ནའང་ལོ་རྒྱུས་སོགས་ཀྱིས་དབང་གིས་དཔེ་རྙིང་དེ་དག་ད་ལྟ་ཡོད་མིན་གསལ་བོ་མི་ཤེས། དེ་ཡང་དཔེ་རྙིང་སྲུང་སྐྱོབ་ཀྱི་ལས་འགན་ལྕི་ཞིང་སྲུང་སྐྱོབ་བྱེད་མཁན་གྱི་མི་གྲངས་ཉུང་བས་དཔེ་རྙིང་དེ་དག་ལ་ཕྱོགས་ཡོངས་ནས་འཆར་གཞི་ཡོད་ཅིང་ཚན་རིག་དང་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཏུ་གྱུར་ཡོད།
            2009ལོའི་ཟླ7པར། རིག་གནས་པུའུ་ཡི་ཞིབ་འཇུག་བརྟག་དཔྱད་ཚན་ཁག་བོད་ལྗོངས་སུ་ཕྱིན་ཏེ་བོད་ལྗོངས་ཀྱི་དཔེ་རྙིང་ལ་ཞིབ་འཇུག་བརྟག་དཔྱད་བྱས་ཤིང་། བོད་ལྗོངས་ཀྱི་འབྲེལ་ཡོད་ཕྱོགས་ཁག་དང་ཁ་བརྡ་བྱས་པ་བརྒྱུད་བོད་ལྗོངས་ཀྱི་དཔེ་རྙིང་ལ་སྲུང་སྐྱོབ་བགྱི་བའི་ནུས་ཤུགས་ཆེ་རུ་འདོན་རྒྱུའི་ལས་ཀའི་རིག་ལམ་བཏོན།  རིག་གནས་པུའུ་སོགས་པུའུ་བརྒྱད་ཀྱིས་དེའི་རྨང་གཞིའི་སྟེང་རྒྱལ་ཡོངས་ཀྱི་དཔེ་རྙིང་སྲུང་སྐྱོབ་ལས་དོན་ཚོགས་འདུ་འཚོགས་ཤིང་། 2009ལོའི་ཟླ11པར《བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལས་དོན་གྱི་ཇུས་གཞི》ཞེས་པ་བཏོན་ནས་མཉམ་དུ་བསྒྲགས་སྤེལ་བྱས།  ལོ་དེའི་ཟླ12པར། རིག་གནས་པུའུ་སོགས་པུའུ་ཨུ་བརྒྱད་ཀྱིས་མཉམ་དུ་ལག་བསྟར་བྱས་པའི་བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ཀྱི་ལས་ཀ་ཕྱོགས་ཡོངས་ནས་མགོ་བརྩམས་པ་དང་། འདི་ནི་མིག་སྔར་ཀྲུང་གོའི་ཆེས་གཞི་རྒྱ་ཆེ་བའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལ་སྲུང་སྐྱོབ་བགྱི་བའི་འཆར་གཞིའང་ཡིན། 
            “ངས་ཡིག་ཆ་མཐོང་མ་ཐག་ལས་གཞི་འདི་ལ་སྙན་ཞུ་ཕུལ་བ་ཡིན། བློ་ཡུལ་ལས་འདས་པ་ཞིག་ལ་ཟླ་བ་གཉིས་ཙམ་མ་འགོར་བར་ཆོག་མཆན་གནང་སོང་། ”  “ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་དུ་མཐོ་རིམ་སློབ་གྲྭའི་ཆེད་བཀོལ་མ་དངུལ་ཚན་རིག་ཞིབ་འཇུག་སྟེགས་བུ་འཛུགས་པ་དང་ཆེད་ལས་ཀྱི་ནུས་པ་སྦྱོང་བརྡར་བྱེད་སའི་གནས་གཞི་འཛུགས་པའི་ལས་གཞི”ཡིན་པའི་ཆ་ནས།   གླང་མཐོང་རྡོ་རྗེ་སྒྲོལ་དཀར་གྱི་བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་གློག་རྡུལ་ཅན་དུ་སྒྱུར་བའི་ལས་གཞིར་མགྱོགས་མྱུར་ངང་སྒོར་ཁྲི100ཡི་མ་དངུལ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།