ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭའི་དམའ་འབྲིང་མཐར་ཕྱིན་མཛད་སྒོ།
དགེ་སློབ་མཉམ་འདུ་བྱེད་སའི་གསོལ་སྟོན་ཁང་གི་ཐོག་རིམ་གཉིས་པའི་རྒྱབ་ལྗོངས།
བགྲང་བྱ་དུ་མའི་དཀའ་སྡུག་གི་ལོ་ཟླ་དཔེ་ཆ་དང་འབྲི་དེབ་ཀྱི་བམ་པོའི་ཀློང་ནས་ཡུན་རིང་བརྡར་བའི་མཐར་ཕྱིན་གྱི་སློབ་བུ་ཚོ། ཕུགས་རེ་གཙང་མའི་མཁའ་དབྱིངས་སུ་ཤེས་རིག་གི་གཤོག་ཟུང་ལ་བརྩོན་སེམས་ཀྱི་རླུང་བུས་བཏེགས་པའི་མཐར་ཕྱིན་གྱི་སློབ་བུ་ཚོ། ད་ནི་ཁྱེད་ཅག་གིས་ལོ་ངོ་དུ་མའི་དཀའ་བ་བརྒྱ་དང་ངལ་བ་འབུམ་གྱི་ཞུན་བརྡར་ཁྲོད་ནས་འཕུར་ཆོག་པའི་གསེར་མདོག་གི་གཤོག་ཟུང་རྙེད་ཡོད། ད་ནི་ཁྱེད་ཅག་གིས་ལོ་ངོ་དུ་མའི་གྲང་འཁྱག་བཙག་རླུང་གི་སྤུ་གྲི་དང་གཉིད་བཅག་ཟས་བརྗེད་ཀྱི་སྦྱོང་བརྡར་ཁྲོད་ནས་འཕུར་ཆོག་པའི་མཐོན་མཐིང་གི་མཁའ་དབྱིངས་ཡངས་མོ་ཞིག་བགོ་སྐལ་དུ་སྨིན་ཡོད།
གསོལ་སྟོན་ཁང་དུ་བཀའ་དྲིན་ཆེ་བའི་ཇ་མ་རྣམས་ཀྱིས་ཤ་ཐུལ་གྱི་རི་རབ་དང་ཇ་ཆང་གི་མཚོ་མོ་བསྐྱིལ།
འབྲེལ་ཞིང་འདྲིས་པའི་མཐའ་མའི་མཐའ་མ་གྱེས་བྲལ་གྱི་སྡུག་བསྔལ་ལྕི་བ་ཡི་རེ་མུག
གོམས་ཤིང་ལོབས་པའི་མཐའ་མའི་མཐའ་མ་མིག་ཆུ་ཡི་རྒྱ་མཚོ་བསྐྱིལ་བ་ཞེ་རེ་སྐྱོ།
ཡིན་ཡང༌། ང་ཚོས་མུ་མཐུད་དུ་རེ་སྐྱིད་རེ་སྡུག་གི་འཚོ་བའི་ཡང་སྙིང་སྤོབས་པའི་མེ་དཔུང་གིས་བསུས་འགྲོ།
ང་ཚོས་མུ་མཐུད་དུ་རེ་བས་ཁེངས་པའི་ལམ་ཕྲན་ཞིག་བརྩོན་འགྲུས་ཀྱི་གྲུ་ཆུང་གིས་བརྒལ་འགྲོ།
སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།
2011ལོའི6པའི17ཉིན་གྱི་ཕྱི་དྲོར། སློབ་གྲྭའི་གསོལ་སྟོན་ཁང་གི་ཐོག་རིམ་གཉིས་པ་ནས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི2011ལོའི་སྐབས་གཉིས་པའི་དམའ་འབྲིང་མཐར་ཕྱིན་གསོལ་སྟོན་གྱི་མཛད་སྒོ་སྤེལ་ཞིང་། སློབ་གྲྭའི་འགོ་ཁྲིད་དང་ལོ་རིམ་དགུ་བའི་དགེ་སློབ་ཡོངས་ཀྱིས་ཆེས་མཐའ་མཇུག་གི་མཉམ་འཛོམས་གསོལ་སྟོན་ལ་ཤ་ཐུལ་གྱི་རི་རབ་བརྩིགས་ཤིང་ཇ་ཆང་གི་མཚོ་མོ་བསྐྱིལ་ནས་དགའ་བདེའི་དཔལ་ལ་རོལ།
སྐས་རིམ་སློབ་ཁང་གི་ཚོགས་རའི་ཁྱོན་ཡོངས།
ཚོགས་ཐོག་ནས་དང་ཐོག་མཐར་ཕྱིན་སློབ་མས་སློབ་གྲྭའི་འགོ་ཁྲིད་དང་འཆད་ཁྲིད་དགེ་རྒན་རྣམས་ལ་དྭངས་གཙང་ལྷད་མེད་ཀྱི་ཁ་བཏགས་འབུལ་ནས་གཞལ་མེད་ཀྱི་བཀའ་དྲིན་ལ་རྗེས་སུ་ཡི་རང་བྱས་ལ། མཐར་ཕྱིན་སློབ་མའི་འཐུས་ཚབ་ཀྱིས་སློབ་གྲྭའི་འཚོ་བའི་སྡེ་ཁག་ལ་བཀའ་དྲིན་གྱི་ཤིས་ཚིག་འབུལ་ནས་རིག་རྩལ་འཁྲབ་སྟོན་གྱིས་གསོལ་སྟོན་ལ་ཉམས་སྣང་གསར་བའི་མཁའ་དབུགས་བསྐྲུན།
ཚེས18ཉིན་གྱི་སྔ་དྲོར་སློབ་གྲྭའི་སྐས་རིམ་སློབ་ཁང༌ནས་སློབ་གྲྭའི་འགོ་ཁྲིད་དང་ལོ་རིམ་དགུ་བའི་དགེ་སློབ400ཙམ་ཚོགས་ཐོག་ཏུ་ཞུགས་ནས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི2011ལོའི་སྐབས་གཉིས་པའི་མཐར་ཕྱིན་མཛད་སྒོ་དངོས་སུ་མགོ་བརྩམས།
མཐར་ཕྱིན་སློབ་མའི་འཛིན་བདག་རྣམས་ལ་དྲན་རྟེན་ལེགས་སྐྱེས་འབུལ་བ།
ཚོགས་རིམ་དང་པོར་དགེ་སློབ་ཚང་མ་ཡར་བཞེངས་ནས་བསྟོད་པ་ཆུ་འཛིན་མ་གྱེར་འདོན་ཐེངས་གཅིག་བྱས་ཤིང་། རིམ་བཞིན་སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་དགེ་སློབ་བྲལ་ཁ་མའི་ཆེས་མཇུག་མཐའི་གཏམ་བཤད་གལ་ཆེན་གནང་ནས་མདོར་བསྡུས་སྒོས་དམའ་འབྲིང་གི་ལོ་ངོ་གསུམ་རིང་གི་བྱ་བ་ཕྱིར་བལྟས་དང་སྤྱི་སྡོམ་བྱས་ཤིང་། སློབ་ཁྲིད་དོ་དམ་པ་ཚེ་རིང་རྡོ་རྗེ་ལགས་དང་། ལོ་རིམ་ཚན་ཁག་གི་ཚན་གཙོ་རྒན་དཔལ་མགོན་ལགས། མཐར་ཕྱིན་འཛིན་བདག་འཐུས་ཚབ་པ་རྒན་ཐུབ་བསྟན་རྡོ་རྗེ་ལགས། མཐར་ཕྱིན་སློབ་མའི་འཐུས་ཚབ་པ་སློབ་གྲོགས་ཁྱུང་སྐྱབས་རིན་ཆེན་ལགས། དགེ་རྒན་འཐུས་ཚབ་པ་རིན་ཆེན་ཕུན་ཚོགས་ལགས། སློབ་མའི་འཐུས་ཚབ་པ་གནམ་ལྷ་ཚེ་རིང་ལགས་བཅས་དགེ་སློབ་དྲུག་གིས་ཤིས་ཚིག་ཕུལ་ཏེ་དགེ་སློབ་ཡོངས་ཀྱིས་རེ་བཞག་གི་བསམ་དོན་འགྲུབ་པའི་ཁ་གཡང་བོས་པ་དང་སྨོན་འདུན་ཡང་ཡང་ཞུས།
ཕུལ་བྱུང་མཐར་ཕྱིན་སློབ་མར་ལྷ་རྫས་དང་ཆབས་ཅིག་མཚན་སྙན་འཛིན་ཡིག་གནང་བ།
སློབ་སྟོན་ཀྲུའུ་རིན་དཔལ་མགོན་ལགས་ཀྱིས་མཐར་ཕྱིན་སློབ་མའི་མིང་ཐོ་བསྒྲགས་ཏེ་མཐར་ཕྱིན་འཛིན་ཡིག་དང་ལེགས་སྐྱེས་གཉིས་ཀ་སློབ་གྲོགས་ཚང་མའི་དགའ་བའི་གསོས་སུ་སྨོན་ལ། དགེ་རྒན་དང་འཛིན་བདག་རྣམས་ལ་ཡང་ལོ་ངོ་འདི་དག་གི་རིང་ལ་ལུས་སེམས་གཉིས་ཀས་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་པའི་ཚབ་མཚོན་དུ་དྲི་མེད་ལྷ་རྫས་དང་ལེགས་སྐྱེས་གཉིས་གཞི་གཅིག་ཏུ་འབུལ་ཏེ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་བླ་མེད་ཞུས་པ་རེད།
དེར་མཐུད་ནས་སློབ་ཁྲིད་དོ་དམ་པ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཕུལ་བྱུང་མཐར་ཕྱིན་སློབ་མ་དང་ཕུལ་བྱུང་འཛིན་གྲྭའི་དོ་དམ་པ། ཕུལ་བྱུང་གཞོན་སྐྱེས་རྩོམ་པ་པོ་བཅས་ཀྱི་མིང་ཐོ་བསྒྲགས་ནས་རང་སེམས་མཚོན་པའི་ལེགས་སྐྱེས་གྱ་ནོམ་པ་ཕུལ་ཏེ་རྗེས་ཕྱོགས་ཀྱི་ལོ་ཟླའི་ཁྲོད་མུ་མཐུད་དུ་སློབ་སྦྱོང་ལ་རྒྱུན་འཁྱོངས་སྒོས་འཇོན་ཐང་ཅན་གྱི་མི་ཞིག་ཏུ་འབད་པ་ལྷོད་མེད་བྱ་དགོས་པའི་བསླབ་བྱ་ཡང་ཡང་གནངས། དེ་མཚུངས་སུ་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་ལེགས་སྐྱེས་ཕུལ་ཏེ་བཀའ་དྲིན་ཡང་ཡང་ཞུས་ནས་སློབ་གྲོགས་རེ་འགའི་མིག་མཐའང་མཆི་མས་ཁེངས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com