མཚོ་ལྷོ་ཁུལ་གྱི་ལོ་ཙཱ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་ཆབ་ཆ་ནས་བསྡུས་པ།
གསོ་སྦྱོང་འཆད་ཁྲིད་བྱེད་པའི་ཡུལ་དངོས།
ཟླ6པའི་ཚེས28ནས29ཉིན་བར། མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་པའི་ཁུལ་ཡོངས་ཀྱི་ལོ་ཙཱ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་ཁུལ་ཚོགས་འདུ་ལྟེ་གནས་སུ་བསྡུས་ཤིང་། ཁུལ་གཏོགས་རྫོང་སོ་སོའི་བོད་སྐད་ཡིག་བྱ་བའི་ལས་ཁུངས་ཀྱི་ལོ་ཙཱའི་རྐང་འཛིན་པ་དང་། ས་གནས་ཀྱི་མི་རིགས་སྐད་ཡིག་བྱ་བའི་ཕྱོགས་སུ་བྱས་རྗེས་གལ་ཆེན་བཞག་མྱོང་བའི་རྒན་རབས་པ། དེ་མིན་མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལོ་ཙཱའི་ལས་བྱེད་མི་སྣ་བཅས་བསྡོམས་པས་མི30ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།
རྒན་སྐལ་བཟང་བློ་གྲོས་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།
ཐེངས་འདིའི་གསོ་སྦྱོང་སྟེང་དུ་དེ་སྔོན་མཚོ་ལྷོ་ཁུལ་བོད་སྐད་ཨུའི་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་ལས་འགན་བཞེས་མྱོང་བའི་རྒན་སྐལ་བཟང་བློ་གྲོས་ལགས་ཆེད་དུ་གདན་འདྲེན་ཞུས་ནས་འཆད་ཁྲིད་མཛད་པ་དང་། ཁོང་གིས་རང་གི་ལོ་ངོ་མང་བའི་བྱ་བའི་ཉམས་མྱོང་ལས་འཕྲོས་ཏེ་ལོ་ཙཱ་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་ཐད་ནས་ཚོགས་ཞུགས་པ་ལྷན་རྒྱས་ལ་གསུངས་གླེང་ཞིབ་རྒྱས་གནང་བར་མ་ཟད། རྗེས་ཕྱོགས་སུ་རང་ཁུལ་གྱི་བོད་སྐད་ཡིག་ལོ་ཙཱ་བྱ་བ་ཇི་ལྟར་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཡང་རིན་ཐང་ལྡན་པའི་དགོངས་འཆར་བཏོན། ཁོང་གིས་རང་ཉིད་མི་རིགས་སྐད་ཡིག་བྱ་བའི་ཕྱོགས་ཀྱི་རྒན་གྲས་ཤིག་ཡིན་པའི་ཆ་ནས། མིག་སྔའི་གནས་བབ་གསར་བ་དང་ལས་འགན་ གསར་བར་དམ་པོར་དམིགས་ཐོག ནན་ཏན་གྱི་བསམ་གཞིགས་ཞིབ་འཇུག་བགྱིས་ཏེ་མི་རིགས་སྐད་ཡིག་གི་ལོ་ཙཱའི་ལས་དོན་ཐད་དགོས་ངེས་ཀྱི་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་བསྟན།
མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལྷ་འབྲུག་རྒྱལ་ལགས་ཀྱིས་འཆད་ཁྲིད་བྱེད་བཞིན་པ།
གསོ་སྦྱོང་ལ་ཞུགས་པའི་མི་སྣ་ཡོངས་ཀྱིས་ཀྱང་རྗེས་སོར་རང་ཁུལ་ནང་ཁོངས་ནས་བོད་ཡིག་གི་བརྡ་ཆད་གསར་བ་ཇི་ལྟར་གཅིག་གྱུར་བེད་སྤྱོད་གཏོང་དགོས་པ་དང་། མི་རིགས་སྐད་ཡིག་གི་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་བྱ་བ་དང་ཆ་འཕྲིན་ལག་རྩལ་སོགས་ཀྱི་བྱ་བར་ཇི་ལྟར་ཤུགས་སྣོན་དགོས་པ། ལག་ལེན་དངོས་ཀྱི་ནང་དུ་ལོ་ཙཱའི་ཆུ་ཚད་ཇི་ལྟར་མཐོར་འདེགས་གཏོང་བ་དང་། བོད་སྐད་ཡིག་གིས་པར་སྐྲུན་དང་། སློབ་གསོ། གནའ་དཔེ་འཚོལ་སྡུད་དང་དག་སྒྲིག་སོགས་ཀྱི་ཕྱོགས་སུ་ཐོན་པའི་སྒྲོག་ཐག་གི་ནུས་པ་ཇི་ལྟར་འདོན་སྤེལ་བྱ་རྒྱུ་སོགས་གནད་དོན་ལ་གྲོས་མོལ་བྱས་ཏེ་དོན་དངོས་དང་མཐུན་པའི་བསམ་འཆར་མང་བོ་བཏོན།
མཚོ་ལྷོ་ཁུལ་བོད་སྐད་ཨུ་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་ལོ་ལགས་ཀྱིས་བྱ་བའི་གནས་ཚུལ་སྐོར་གསུང་པ།
གསོ་སྦྱོང་སྐབས་སུ། ཁུལ་བོད་སྐད་ཨུ་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་ལོ་ལགས་ཀྱིས་རང་ལས་ཁུངས་ཀྱིས་ཉེ་བའི་ལོ་འགའི་ནང་བསྒྲུབས་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། ཇི་ལྟར་བྱས་ཏེ་རང་ཁུལ་གྱི་ལོ་ཙཱའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། དཔུང་སྡེའི་རྒྱུ་སྤུས་དང་ལས་རིག་ཆུ་ཚད་ཇི་ལྟར་མཐོར་འདེགས་གཏོང་བ་བཅས་ཀྱི་ཐད་ལ་ཡང་བླང་བྱ་ངེས་གསལ་བཏོན་པ་རེད།
མཚོ་ལྷོ་ཁུལ་གྱི་ལོ་ཙཱ་རྐང་འཛིན་པའི་གསོ་སྦྱོང་བ་རྣམས་ལྷན་དུ་པར་བརྒྱབ་པ།
མདོར་ན། མཚོ་ལྷོ་ཁུལ་གྱི་ལོ་ཙཱ་རྐང་འཛིན་པའི་ལས་རིག་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་བསྡུས་པ་འདིས། རང་ཁུལ་གྱི་ལོ་ཙཱ་བའི་སྡེ་ལ་ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་ཀྱི་གོ་སྐབས་བཟང་བོ་ཞིག་བསྩལ་བར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་མཚོ་ལྷོ་ཁུལ་གྱི་ལོ་ཙཱའི་རིག་གཞུང་ཆུ་ཚད་མཐོར་འདེགས་བཏང་སྟེ་ཁུལ་ཡོངས་ཀྱི་བོད་སྐད་ཡིག་ལོ་ཙཱའི་ལས་དོན་མདུན་དུ་སྐུལ་བ་ལ་ཡང་ཕན་ནུས་གལ་ཆེན་ཐོན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com