2011ལོའི་རྒྱལ་ཡོངས་བོད་ཀྱི་གསོ་རིག་རིག་གཞུང་ཚོགས་འདུ་ཁྲི་འདུ་རུ་ཚོགས་པ།
2011ལོའི་རྒྱལ་ཡོངས་བོད་ཀྱི་གསོ་རིག་རིག་གཞུང་ཚོགས་འདུ་ཡུལ་དངོས།
ཉེ་ལམ། 2011ལོའི་རྒྱལ་ཡོངས་བོད་ཀྱི་གསོ་རིག་རིག་གཞུང་ཚོགས་འདུ་ཁྲི་འདུ་རུ་ཚོགས་ལ། ཞིང་ལྗོངས་ལྔའི་བོད་ཁུལ་གྱི་བོད་སྨན་ཆེད་མཁས100ལྷག་དང་འབྲེལ་ཡོད་འགོ་ཁྲིད་རྣམས་ཐེངས་འདིའི་ཚོགས་འདུ་ལ་ཞུགས་ཤིང་། ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོའི་མི་རིགས་གསོ་རིག་ལྷན་ཚོགས་དང་སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། སི་ཁྲོན་ཁྲི་འདུ་ཀྲུང་ལུགས་གསོ་རིག་སློབ་ཆེན་མི་རིགས་གསོ་རིག་སློབ་གླིང་གིས་འགན་སྒྲུབ་གནང་བ་རེད།
ཚོགས་འདུ་རུ་བོད་རྒྱ་སྐད་གཉིས་ཀྱི་དཔྱད་རྩོམ246བསྡུས་ཡོད་ཅིང་། བསྡོམས་པས་དཔྱད་རྩོམ221ཚོགས་ཆེན(བོད་ཡིག་དཔྱད་རྩོམ123དང་རྒྱ་ཡིག་དཔྱད་རྩོམ98ཡོད)གྱི་དཔྱད་རྩོམ་ཚོགས་སུ་བཀོད་ཡོད། དེའི་ནང་བོད་རང་སྐྱོང་ལྗོངས་ཀྱི་དཔྱད་རྩོམ36དང་། མཚོ་སྔོན་ཞིང་ཆེན་གྱི་དཔྱད་རྩོམ56དང་། ཀན་སུའུ་ཞིང་ཆེན་གྱི་དཔྱད་རྩོམ9དང་། སི་ཁྲོན་ཞིང་ཆེན་གྱི་དཔྱད་རྩོམ71དང་། པེ་ཅིང་གྲོང་ཁྱེར་གྱི་དཔྱད་རྩོམ5བཅས་ཚུད་ཡོད་ཡོད་པ་རེད།
དཔྱད་རྩོམ་གྱི་ནང་དོན་ཐད་ལ་བོད་ཀྱི་གསོ་རིག་གཞུང་ལུགས་དང་། ནད་ཐོག་སྨན་བཅོས་ཞིབ་འཇུག སྨན་རྫས་བཟོ་སྐྲུན་ལག་རྩལ་ཞིབ་འཇུག གསོ་རིག་ལོ་རྒྱུས་ཞིབ་འཇུག བོད་ཀྱི་གསོ་རིག་སྨན་རྫས་སྲུང་སྐྱོང་དང་འདེབས་འཛུགས་ལག་རྩལ་ཞིབ་འཇུག དེ་མིན་བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་སྲིད་ཇུས་རང་བཞིན་ཞིབ་འཇུག་སོགས་འདུས་ཤིང་། སི་ཁྲོན་ཚན་རིག་གསར་གཏོད་མཐུན་ཚོགས་དང་། ཀོས་ཀྲུའུ་དབྱི་པེ་སྨན་རྫས་བཟོ་གྲྭ། བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ། བོད་ལྗོངས་གཞུང་པ་ལྷ་ཆུ་བོད་སྨན་བཟོ་གྲྭ་སོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་ཐོབ་པ་རེད།
བོད་ཀྱི་གསོ་རིག་ཞིབ་འཇུག་པ10དང་སྲོན་རྒྱུན་གསོ་རིག་འགན་འཛིན་དོ་དམ་མི་སྣ་སོགས་ཀྱིས་ཕན་ཚུན་ལ་བསམ་བློ་བརྗེ་རེས་བྱེད་པ་དང་འབྲེལ་ཡོད་གཏམ་བཤད་གནང་བ་རེད། བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་བཀྲ་ཤིས་ཀྱིས《དུས་རབས21ནང་སྲོལ་རྒྱུན་བོད་ཀྱི་གསོ་རིག་རྨང་གཞིའི་སྟེང་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་བ》ཞེས་པའི་གཏམ་བཤད་གནང་བ་སྟེ། བོད་ཀྱི་གསོ་རིག་འདི་སྲོན་རྒྱུན་རྨང་གཞི་སྟེང་ནས་ཇི་ལྟར་གསར་གཏོད་དང་ལེགས་བཅོས། དེ་ནས་དེང་རབས་ཅན་གྱི་ལམ་དུ་སྐྱོད་པའི་སྐོར་ལ་བསམ་བློ་ཞིབ་མོ་བཏང་བ་དང་ལྟོས་བཅོས་ཀྱི་བསམ་འཆར་ལེགས་པོ་བཏོན། སྔོན་ཀྲུང་གོའི་མི་རིགས་གསོ་རིག་མཐུན་ཚོགས་ཀྱི་འགོ་གཙོ་ཀྲུའུ་གོ་པིན་གྱིས《སྲོན་རྒྱུན་གསོ་རིག་དང་གཟུགས་འདས་རིག་གནས་ཤུལ་བཞག》ཞེས་པ་བརྗོད་བྱ་རུ་བཟུང་སྟེ། ཀྲུང་གོའི་གྲངས་ཉུང་མི་རིགས་སྲོན་རྒྱུན་གསོ་རིག་གི་རིགས་དབྱེ་དང་། དེ་མིན་གཟུགས་འདས་རིག་གནས་ཀྱི་ལངས་ཕྱོགས་ལས་སྲོལ་རྒྱུན་གསོ་རིག་ཇི་ལྟར་སྲུང་སྐྱོབ་བྱེད་པའི་ཐད་ལ་རང་ཉིད་ཀྱི་ལྟ་ཚུལ་བརྗོད། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བོད་སྨན་ཁང་གི་ཆེད་མཁས་པ་དཔའ་སྐྱབས་ཀྱིས་ཕོ་བའི་ནད་ཀྱི་ཐད་ནས་ཚོགས་ཞུགས་པ་རྣམས་ལ་བོད་ཀྱི་གསོ་རིགས་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་སྤྱི་བསྡོམས་བྱས་པ་དང་། པེ་ཅིང་བོད་སྨན་ཁང་སྨན་ལུམས་སྡེ་ཁག་གི་འགོ་གཙོ་ལྕགས་ཐར་རྒྱལ་གྱིས་བོད་སྨན་ལུམས་གསོའི་ལོ་རྒྱུས་དང་སྨན་རྫས་སྦྱོར་སྟངས། གསོ་བཅོས་གོ་རིམ་སོགས་མཚམས་སྦྱོར་གནང་བ་དང། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་དོན་འགྲུབ་ཀྱིས《པུ་ལེ་ཡཱ་ཐི་བོད་ཀྱི་གསོ་རིག་ཁྱིམ་རྒྱུད་ཀྱིས་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་གསོ་རིག་རྒྱུད་སྤེལ་གྱི་ལོ་རྒྱུས》 ཞེས་པའི་དཔྱད་རྩོམ་ལ་པར་རིས་སོགས་བཀོད་དེ་ལོ100སྔོན་གྱི་པུ་ལེ་ཡཱ་ཐི་བོད་ཀྱི་གསོ་རིག་ཁྱིམ་རྒྱུད་ཤིག་གིས་ཇི་ལྟར་གནའ་བོའི་བོད་ཀྱི་གསོ་རིག་འདི་ཤར་ཕྱོགས་ནས་ཡོ་རོབ་གླིང་དུ་ཁྱབ་སྤེལ་བྱས་པའི་ལོ་རྒྱུས་མཚམས་སྦྱོར་བྱས། དེ་མིན་འབྲེལ་ཡོད་གསོ་རིག་ཆེད་མཁས་པ་གཞན་རྣམས་ཀྱིས་ཀྱང་འོས་ཤིང་འཚམ་པའི་སྒོ་ནས་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས། བསམ་འཆར་སོགས་ལྷུག་པོར་བརྗོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com