《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་འགྲེམ་སྤེལ་མཛད་སྒོ་གཟབ་རྒྱས་ངང་བསྡུས་པ།
《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་འགྲེམ་སྤེལ་མཛད་སྒོ་སྤེལ་བའི་ཡུལ་དངོས།
ཟླ8པའི་ཚེས18ཉིན། 《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པའི་འགྲེམ་སྤེལ་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས་པ་རེད། དཔེ་དེབ་འདི2007ལོར་སྒྲིག་འགོ་བརྩམས་པ་ནས་བཟུང་། ལོ་ངོ་བཞིའི་རིང་ལ་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་ལོ་ལགས་ཀྱི་སྣེ་ཁྲིད་འོག་ལས་བྱེད་མི་སྣ་རྣམས་དང་། དེང་རབས་བོད་ཀྱི་ཆེད་མཁས་པ་རྣམས། དེ་མིན་ཡུལ་སོ་སོའི་ས་གནས་ལོ་རྒྱུས་ལ་མཁས་པའི་མི་སྣ་སོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་ཧུར་ཐག་བྱས་པ་བརྒྱུད་ཀུན་གྱི་སྤྱན་ལམ་དུ་བཀྲམ་པ་རེད།
མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སྟག་འབུམ་རྒྱལ་ལགས་ཀྱིས་མདོ་འཛིན་བྱེད་བཞིན་པ།
མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་འཕགས་པ་ཐར་དང་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་
ཚེ་བསོད་རྒྱལ་རྣམ་གཉིས་ཀྱིས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་མཛད་སྒོ་ཕྱེ་བ།
འགྲེམ་སྤེལ་མཛད་སྒོ་ལ་མཚོ་ལྷོ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སྟག་འབུམ་རྒྱལ་ལགས་ཀྱིས་མདོ་འཛིན་བྱས་ཤིང་། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་འཕགས་པ་ཐར་དང་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཚེ་བསོད་རྒྱལ་རྣམ་གཉིས་ཀྱིས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་མཛད་སྒོ་ཕྱེ་བ་དང་། དེ་རྗེས་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལས་བྱེད་མི་སྣ་རྣམས་ཀྱིས་འགོ་ཁྲིད་དང་སྐུ་མགྲོན་བཅས་ཚོགས་ཞུགས་མི་སྣ་ཡོངས་ལ《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་དེབ་ལེགས་སྐྱེས་སུ་ཕུལ་བ་རེད། ཐེངས་འདིའི་འགྲེམ་སྤེལ་མཛད་སྒོའི་སྟེང་དེ་སྔའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའམ་ཞིང་ཆེན་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་གཅོད་པ་དོན་འགྲུབ་ལགས་དང། ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་གླིང་གི་སློབ་གཙོའམ་དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས། མཚོ་སྔོན་མི་རིགས་སློབ་ཆེན་བོད་ཡིག་སློབ་གླིང་གི་དགེ་རྒན་ཆེན་མོ་བུ་བཞི་བསམ་པའི་དོན་འགྲུབ་ལགས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རིན་པདྨ་ལྷུན་འགྲུབ་ལགས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དམངས་ཁྲོད་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་རབ་འབྱམས་པ་བསོད་ནམས་རྡོ་རྗེ་ལགས། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་འཕགས་པ་ཐར་ལགས། མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཨ་དགེ་འདུན་ལགས། དེ་མིན་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཁུངས་སོ་སོའི་འགན་ཁུར་བ། རྫོང་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་ལས་བྱེད་མི་སྣ། ལས་བྲལ་ལས་བྱེད་རྒན་པའི་འཐུས་ཚབ། མཚོ་སྔོན་བརྙན་འཕྲིན་ཁང་དང་བཅས་པའི་གསར་འགྱུར་ལས་རིགས་ཀྱི་མི་སྣ་སོགས་ཞུགས་པ་རེད། ད་དུང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་སློབ་གསོ་པུའུ་གྲངས་ཉུང་མི་རིགས་སྐད་ཡིག་ཆ་འཕྲིན་ལག་རྩལ་གནད་སའི་ཚོད་ལྟ་ཁང་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ཞིང་ཆེན་ཕྱི་ནང་གི་ལས་ཁུངས་དང་མི་སྒེར་མང་པོས་ཤིས་ཚིག་སྤྲིངས་ནས་རྟེན་འབྲེལ་ཞུས་ཡོད།
《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་གཙོ་སྒྲིག་པ་ཚེ་ལོ་ལགས་ཀྱིས་རྩོམ་སྒྲིག་གནས་ཚུལ་ཡར་ཞུ་བྱེད་བཞིན་པ།
མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རིན་
པདྨ་ལྷུན་འགྲུབ་ལགས་ཀྱིས་དཔྱད་བརྗོད་སྤེལ་བཞིན་པ།
མཛད་སྒོའི་སྟེང་མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ནམ《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་རྩོམ་སྒྲིག་པ་ཚེ་ལོ་ལགས་ཀྱིས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་རྩོམ་སྒྲིག་གནས་ཚུལ་ཡར་ཞུ་བྱས་པ་སྟེ། 《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》རྩོམ་སྒྲིག་བྱས་པའི་གལ་ཆེན་རང་བཞིན་དང་། རྩོམ་སྒྲིག་བྱ་བའི་རྩ་འཛུགས་འགོ་ཁྲིད་ཇེ་ལེགས་དང་དཔུང་སྡེ་འཛུགས་སྐྲུན་ལེགས་པོ་བྱས་ཚུལ། རྩོམ་སྒྲིག་བྱ་བའི་ཐབས་ལམ་དང་ཉམས་མྱོང་གཙོ་བོ། 《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་རྩ་བའི་ཕན་ནུས་དང་བཀོལ་སྤྱོད་རིན་ཐང་བཅས་ཕྱོགས་བཞིའི་སྒོ་ནས་མཚམས་སྦྱོར་བྱས། དེ་རྗེས་ཆེད་མཁས་པ་དང་འབྲེལ་ཡོད་ཀྱི་འགོ་ཁྲིད་རྣམ་པས་དཔྱད་གཏམ་ལྷུག་པོར་བརྗོད་པ་སྟེ། པདྨ་ལྷུན་འགྲུབ་ལགས་ཀྱིས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་དེབ་འདིར་ཕྱོགས་བཞིའི་སྒོ་ནས་གདེང་འཇོག་བྱས། གཅིག་ནས་དཔེ་དེབ་འདི་ནི་གྲུབ་འབྲས་ཆེན་པོ་ཞིག་ཡིན་ཏེ། འདི་ནི་ལོ་རྒྱུས་ཀྱི་གཏིང་རིམ་ཟབ་པ། ཡུལ་ཁོངས་ཀྱི་ཁྱོན་རྒྱ་ཆེ་བ། ནང་དོན་ཕུན་སུམ་ཚོགས་པ། སྒྲིག་བཀོད་ལ་མཛེས་ཆ་ལྡན་པས་ལང་ཚོ་དར་ལ་བབས་པའི་གཞོན་ནུ་མ་ཞིག་དང་འདྲ་བར་ང་ཚོའི་མིག་གི་ལོངས་སྤྱོད་སུ་གྱུར་བས་ཀུན་གྱི་ཡིད་སེམས་འགུག་ལ། དེབ་འདིའི་ནང་ལོ་རྒྱུས་དང་། རིག་གནས། འགྲིམ་འགྲུལ། གནས་སྐོར་སོགས་ཀྱི་ཆ་འཕྲིན་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། འདི་ནི་མཚོ་ལྷོ་ཁུལ་གྱི་ས་མིང་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་ཤིག་ཀྱང་ཡིན། གཉིས་ནས་དཔེ་དེབ་འདི་ནི་གསར་གཏོད་ཅིག་རེད། མཚོ་ལྷོ་ཁུལ་གྱིས་ཐོག་མར་མི་རིགས་སྐད་ཡིག་ཀྱི་ལས་ཁུངས་ཤིག་གིས་ས་མིང་རིག་གནས་བརྡ་འགྲེལ་གྱི་དཔེ་དེབ་ཅིག་ལེགས་འགྲུབ་བྱུང་བས། དཔེ་དེབ་འདི་རྨ་ལྷོ་དང་ཡུལ་ཤུལ་སོགས་ཡུལ་གཞན་གྱི་ས་མིང་རིག་གནས་བརྡ་འགྲེལ་གྱི་དཔེ་དེབ་སྒྲིག་པའི་མ་གཞིར་གྲུབ་པ་རེད། གསུམ་ནས་དཔེ་དེབ་འདི་ནི་ལྷ་སྒྲུང་ལྟ་བུ་ཞིག་རེད། གནའ་རབས་ཀྱི་རིག་གནས་དང། ངག་རྒྱུན། གནའ་བོའི་མི་རིགས་ཀྱི་ས་རྒྱུས་ཤེས་རིག་དང་གནས་སྤོར། དཔལ་འབྱོར་དང་སྤྱི་ཚོགས་སོགས་ཀྱི་ལོ་རྒྱུས་དག་ས་མིང་ཞིག་གི་ནང་ནས་མངོན་པར་མཚོན་ཐུབ། བཞི་ནས་དཔེ་དེབ་འདི་ནི་འགོ་ཚུགས་ས་ཞིག་ཡིན། དེབ་འདི་འགྲེམ་སྤེལ་བྱས་པ་ནི་དེང་སྐབས་ང་ཚོས་ལོ་རྒྱུས་ཞིབ་འཇུག་བྱེད་བཞིན་པའི་ལས་ཀའི་ཁྲོད་ཀྱི་ཁག་ཅིག་ཡིན་ཞིང་། ས་མིང་རིག་གནས་ཀྱི་ཐད་ལ་ད་དུང་ཕྱོགས་སོ་སོ་ནས་ཞིབ་འཇུག་གཏིང་ཟབ་བྱས་ཆོག་ཅེས་བཤད་ལ། མ་འོངས་པར་དཔེ་དེབ་འདིས་མཚོ་ལྷོའི་མི་རིགས་རིག་གནས་སྲུང་སྐྱོབ་དང་། མི་རིགས་སྐད་ཡིག་གི་བཀོལ་སྤྱོད། མི་རིགས་དམངས་ཁྲོད་རིག་གནས་སྔོག་འདོན། མི་རིགས་རིག་གནས་འབྲེལ་འདྲིས་དང་གོང་འཕེལ་གཏོང་བར་སྒུལ་ཤུགས་གསར་བ་འདོན་ཐུབ་དགོས་པ་མ་ཟད། དཔེ་དེབ་འདིས་ཡུལ་འདི་གའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་གྲུབ་འབྲས་འཇོག་དགོས་པའི་རེ་བ་བཏོན།
དེ་སྔའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའམ་ཞིང་ཆེན་གེ་སར་བྱ་བའི་
འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་གཅོད་པ་དོན་འགྲུབ་ལགས་ཀྱིས་དཔྱད་བརྗོད་སྤེལ་བཞིན་པ།
ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་གླིང་གི་སློབ་གཙོའམ་དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་
དཔྱད་བརྗོད་སྤེལ་བཞིན་པ།
དེ་སྔའི་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཆབ་འགག་རྡོ་རྗེ་ཚེ་རིང་ལགས་ཀྱིས་
དཔྱད་བརྗོད་སྤེལ་བཞིན་པ།
དེའི་འཕྲོར་གཅོད་པ་དོན་འགྲུབ་ལགས་ཀྱིས་དཔྱད་བརྗོད་སྤེལ་བ་སྟེ། 《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་དེབ་འདི་ནི་དུས་ཡུན་རིང་པོའི་རྒྱུ་ཆ་སྔོག་འདོན་བྱས་པ་དང་འབྲེལ་ནས་ལོ་རྒྱུས་གཞུང་ལུགས་དང་ས་གནས་སོ་སོའི་ངག་རྒྱུན་དང་མཐུན་མིན་ལ་དཔྱད་སྡུར་བྱས་ཤིང་། ས་མིང་སོ་སོར་འགྲེལ་རྒྱག་པར་བོད་སྐད་དང་། སྤྱི་ཚོགས། ལོ་རྒྱུས་སོགས་རྨང་གཞིར་བཟུང་བའི་ཐོག་རིག་གནས་དང་སྤྱི་ཚོགས་ལ་མཐུན་པའི་མིང་ཚད་ལྡན་ཞིག་ཡིན་པས་ས་མིང་ཡིག་མཛོད་ཆེན་མོ་འདིས་གྲུབ་འབྲས་བླ་ན་མེད་པ་ཞིག་སྐྲུན་ཡོད་ཅེས་གདེང་འཇོག་མཐོན་པོ་བྱས་པ་དང་མཉམ་དུ། དཔེ་དེབ་འགྲེམ་སྤེལ་བྱས་པར་ལྷག་བསམ་འཁོལ་བའི་ངང་དགའ་སྟོན་རྟེན་འབྲེལ་ཞུས་པ་ཡིན་ཞེས་བཤད་པ་རེད། དེ་ལས་གཞན་ཁུལ་དཔོན་གཞོན་པ་ཨ་དགེ་འདུན་ལགས་ཀྱིས་ཀྱང་དཔེ་དེབ་འདི་ལ་གདེང་འཇོག་མཐོན་པོ་བྱས་པ་མ་ཟད། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་འབད་པ་བྱས་ཏེ་དྲིལ་སྒྲོག་མཚམས་སྦྱོར་གྱི་བྱ་བ་དང་གྲུབ་འབྲས་མངོན་འགྱུར་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་རེ་བ་བཏོན་པ་དང། དཔེ་དེབ་འདིའི་ནང་དོན་ཁག་ཅིག་ས་གནས་ཀྱི་བསླབ་དེབ་དང་གནས་སྐོར་ཕྱོགས་སྟོན་གྱི་དཔེ་དེབ་ཏུ་སྒྲིག་སྟེ་ཕྱི་ཕྱོགས་སུ་མཚོ་ལྷོ་ཁྱབ་སྒྲོག་བྱེད་པ་དང་། མཚོ་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡར་སྐུལ་བྱེད་པའི་ཆ་འཕྲིན་སྒེའུ་ཁུང་ཞིག་ཏུ་འགྱུར་རྒྱུའི་དགོངས་འཆར་བཏོན་པ་རེད།
མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དམངས་ཁྲོད་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་
རབ་འབྱམས་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས་དཔྱད་བརྗོད་སྤེལ་བཞིན་པ།
མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཨ་དགེ་འདུན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
ཆེད་མཁས་པ་དང་འགོ་ཁྲིད་རྣམས་ཀྱིས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་དེབ་འདི་ནི་རིག་གཞུང་རང་བཞིན་དང་། ཚན་རིག་རང་བཞིན། སློབ་སྟོན་རང་བཞིན། བཀོལ་སྤྱོད་རང་བཞིན་ལྡན་པའི་བོད་ཁམས་ཡོངས་སུ་བོད་རྒྱ་ཤན་སྦྱར་གྱི་ས་མིང་རིག་གནས་ཆ་འཕྲིན་གྱི་ཚིག་མཛོད་ཅིག་ཡིན་པས། བོད་ཁམས་ཡོངས་སུ་ད་བར་དུ་བོད་རྒྱ་གཉིས་ཀྱི་ས་མིང་ཆེད་སྒྲིག་ཚིག་མཛོད་མེད་པའི་སྟོང་ཆ་བསྐངས་པ་རེད། དེ་མ་ཟད་དཔེ་དེབ་འདི་པར་སྐྲུན་བྱས་པས་མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་སྔོན་ཐོན་རིག་གནས་ལ་བརྩོན་པ་དང་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་བྱེད་པ་མངོན་པར་མཚོན་ཐུབ་ཅེས་གདེང་འཇོག་མཐོན་པོ་བྱས་པ་དང་མཉམ་དུ《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་དེབ་འདི་འགྲེམ་སྤེལ་བྱས་པར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།
ཚོགས་ཞུགས་མི་སྣ་སྐོར་ཞིག་གི་མཉམ་པར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com