ཀྲུང་གོའི་བོད་ལྗོངས་རིག་གནས་གླེང་སྟེགས་སྐབས་གསུམ་པ་ལྷ་ས་རུ་ཚོགས་པ།
སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་རིག་གནས་གླེང་སྟེགས་ལྷ་སར་ཚོགས་པ།
ཟླ8ཚེས20ཉིན། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་སྒོས“བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་དར་སྤེལ”བརྗོད་བྱར་བཀོད་དེ། སྐབས་གསུམ་པའི་བོད་ལྗོངས་རིག་གནས་གླེང་སྟེགས་ལྷ་ས་རུ་ཚོགས་པ་རེད།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་ངམ་བོད་རིག་པའི་མཁས་དབང་ཚེ་དབང་
འགྱུར་མེད་ཀྱིས་ཏ་ལའི་ལོ་མའི་ཆོས་དཔེའི་སྲུང་སྐྱོབ་སྐོར་གྱི་དཔྱད་རྩོམ་ངོ་སྤྲོད་གནང་བཞིན་པ།
རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པའམ་མཐུན་ཚོགས་ཀྱི་ཚོགས་གཙོ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། སྐབས་བཅུ་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཨུ་ཡོན་འགོ་གཙོ་གཞོན་པ་རབ་བརྟན། བོད་རང་སྐྱོང་ལྗོངས་ཏང་ཨུ་སྲིད་གཞུང་གི་འགོ་གཙོ་དག་ཐེངས་འདིའི་གླེང་སྟེགས་མཛད་སྒོ་ལ་ཞུགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་རིག་གནས་མཁས་པ། ཁེ་ལས་པ། དེ་མིན་བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་སོགས་བསྡོམས་པས་མི400ལྷག་ཡོད་པ་རེད།
རྒྱལ་ཡོངས་ཀྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པའམ་ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་
ཚོགས་ཀྱི་ཚོགས་གཙོ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་འགོ་རྩོམ་མཛད་སྒོར་ཞུགས་པ།
ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲུའུ་ཝེ་ཡིས་བཤད་རྒྱུར། བོད་ལྗོངས་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་བྱེ་བྲག་ཅིག་ཡིན་ཏེ། ད་ལྟ་བོད་ལྗོངས་རིག་གནས་འདི་ལོ་རྒྱུས་སྟེང་འཕེལ་རྒྱས་ཆེས་ལེགས་པའི་དུས་སྐབས་སུ་གནས་ཡོད། མཐུན་ཚོགས་ཀྱིས་བོད་ལྗོངས་རིག་གནས་ཀྱི་འཕེལ་རྒྱས་དང་དེ་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སུ་འཇུག་རྒྱུ་དང་། དེ་དང་ཆབས་ཅིག་ཏུ་བོད་ལྗོངས་ཀྱི་མི་རིགས་ཁག་ལ་རྒྱལ་ནང་དང་འཛམ་གླིང་མི་རིགས་ཀྱི་དཔལ་ཡོན་རིག་གནས་གྲུབ་འབྲས་མྱོང་བར་ཁེ་ཕན་གང་ལེགས་སྐྲུན་རྒྱུར་ནུས་པ་གང་ཡོད་འདོན་ངེས་ཡིན་ཟེར།
ཚོགས་འདུའི་བར་གསེང་དུ་བོད་རིག་པའི་མཁས་དབང་དབང་ཕྱུག་རྡོ་རྗེ་དང་ཨ་རིའི་
བོད་རིག་པ་མཁས་ཆེན་མེ་ཀི་ཨར་སི་ཐན་གཉིས་ཀྱིས་གླེང་མོལ་བྱེད་བཞིན་པ།
རྒྱུས་ལོན་བྱས་པ་ལྟར་ན། གླེང་སྟེགས་འདིས་གཙོ་ཆེར་རིག་གཞུང་གྲོས་བསྡུར་དང་བརྟག་དཔྱད་གཟིགས་ཞིབ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་རིག་གནས་མཁས་པ་རྣམས་ཕན་ཚུན་འབྲེལ་འདྲིས་ལ་ཤུགས་སྣོན་དང་། བོད་རིག་པའི་ཞིབ་འཇུག་གྲུབ་འབྲས་སོགས་ཉམས་མྱོང་བརྗེ་རེས་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་མི་གང་མང་གིས་བོད་ལྗོངས་དང་བོད་ལྗོངས་རིག་གནས་ལ་རྒྱུས་ལོན་དང་དོ་ཁུར་བྱེད་པ་སོགས་བརྒྱུད་དེ། འཛམ་གླིང་མི་རིགས་ཁག་གི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བར་ཡར་སྐུལ་བྱེད་པ་རེད། གླེང་སྟེགས་མཇུག་རྫོགས་རྗེས། ཚོགས་འདུ་ལ་ཞུགས་པའི་ཕྱི་རྒྱལ་གྱི་མཁས་པ་དང་ལྷན་ཚོགས་ཁག་གི་ལས་འཛིན་པ་རྣམས་ཀྱིས་ད་དུང་བོད་ལྗོངས་སུ་ཡུལ་དངོས་རྟོགས་ཞིབ་བྱས་པ་རེད།
རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་འདི2004ལོར་དབུ་བརྙེསཤིང་། 2007ལོར་མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཐུན་མིན་ཚོང་འདྲིའི་གོ་གནས་ཐོབ། 2006ལོ་དང2007ལོར་ལྷན་ཚོགས་འདི་སོ་སོར་པེ་ཅིན་དང་ཀ་ཏ་མན་རྡུ་སྟེ་བལ་བོའི་རྒྱལ་ས་རུ་ཀྲུང་གོའི་བོད་ལྗོངས་རིག་གནས་གླེང་སྟེགས་སྐབས་དང་པོ་དང་སྐབས་གཉིས་པ་འཚོགས་ཤིང་རྒྱལ་ཁབ་ཕྱི་ནང་དུ་དགའ་བསུ་བྱེད་ཀྱི་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com