དཀར་མཛེས་དཔལ་ཡུལ་རྫོང་གཏེར་ལྷུང་ཡུལ་ཚོར་སུང་རྒྱལ་རབས་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གནའ་ཤུལ་ཞིག་རྙེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-30 11:15:00 ཀློག་གྲངས།:


སྐུ་ལྔ་ཅན་གྱི་སངས་རྒྱས་བཞུགས་སྐུའི་འབུར་བརྐོས།

  ཟླ8པའི་ཚེས25ཉིན། རང་རྒྱལ་གྱི་ནང་བསྟན་ཆོས་ལུགས་ཀྱི་གནའ་རྫས་རྟོག་ཞིབ་བྱེད་པའི་དགེ་རྒན་ཆེན་མོ་ཝུན་ཡུ་ཁྲིན་དཔལ་ཡུལ་རྫོང་དུ་སོང་ནས་སུང་རྒྱལ་རབས་སྐབས་ཏེ་བསྟན་པ་ཕྱི་དར་སྐབས་ཀྱི་ནང་བསྟན་གནའ་ཤུལ་ཞིག་རྙེད་པ་རེད། འདིའི་སྔོན་དུ་དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་ད་ལོའི་ཟླ6པའི་ནང་སེར་ཤུལ་རྫོང་ལོ་ཕྱུག་གྲོང་སྡེར་བསྟན་པ་ཕྱི་དར་སྐབས་ཀྱི་བྲག་བརྐོས་སྐུ་བརྙན་ཞིག་རྙེད་པ་རེད།
  དགེ་རྒན་ཆེན་མོ་ཝུན་གྱིས་བྲག་ཐེམ་གྱི་གོང་དུ་ཡོད་པའི་སྐུ་གསུམ་ཅན་གྱི་སངས་རྒྱས་བཞེངས་སྐུ་ནི་བསྟན་པ་སྔ་དར་གྱི་དུས་འགོ་སྟེ་དུས་རབས12ནང་དུ་བཞེངས་པ་འདྲ། བྲག་ཐེམ་གྱི་གཡས་འདབས་སུ་ཡོད་པའི་སྐུ་ལྔ་ཅན་གྱི་སངས་རྒྱས་བཞུགས་སྐུ་ལ་ཐོར་ཅོག་མཐོ་ཞིང་དབུ་ལ་ནོར་བུ་ཆ་གསུམ་ཅན་གྱི་ཅོད་པན་གྱིས་སྤྲས་པ་སོགས་ཀྱི་རྣམ་པར་གཟིགས་ན་བསྟན་པ་ཕྱི་དར་སྐབས་ཀྱི་ལྷ་སྐུ་བཞེངས་སྲོལ་གྱི་ཁྱད་ཆོས་གཟེངས་སུ་ཐོན་ཡོད་ཅིང་། དུས་རབས13པའི་དུས་འགོར་ཏེ་སུང་རྒྱལ་རབས་ལྷོ་མའི་སྐབས་ཀྱི་དུས་དང་མཉམ་པ་འདྲ་ཞེས་བཤད་པ་རེད།


བྲག་ཐེམ་སྟེང་མོག་མོག་ཏུ་གནང་བའི་འབུར་བརྐོས་བརྐོས་ཤུལ།

  བྲག་ཐེམ་དེའི་མཐོ་ཚད་ལ་སྤྱི་ཁྲེ30ནས40ཡས་མས་དང་། བྲག་རྟིང་གི་ཞེང་ལ་སྤྱི་ཁྲེ50ཡས་མས་ཤིག་ཡོད། བྲག་ཐེམ་འདིའི་གོང་རིམ་གྱི་གཡས་གཡོན་དུ་ད་དུང་ཞབས་དྲུང་གཉིས་ཀྱིས་སྐོར་བའི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཞིག་ཀྱང་ཡོད། སྐུ་གསུམ་ཅན་གྱི་སངས་རྒྱས་བཞེངས་སྐུའི་གཤམ་དུ་བོད་ཡིག་ཐིག་ཕྲེང་འགའ་བྲིས་ཡོད་པ་ལས་རེ་གཉིས་མ་གཏོགས་ངོས་འཛིན་བྱེད་མི་ཐུབ་པ་རེད། ཡང་དེའི་འོག་ཏུ་མགོ་བོ་མར་དུད་ཅིང་རྒྱབ་ལ་ནོར་བུ་འཁུར་བ་འདྲ་བའི་རྟ་མཆོག་ཅིག་ཀྱང་བརྐོས་ཡོད་པ་རེད།
  བྲག་ཐེམ་འདིའི་གཡས་འདབས་སུ་སྟེང་འོག་རིམ་པ་གཉིས་སུ་དགར་བའི་སྐུ་ལྔ་ཅན་གྱི་ལྷ་སྐུའི་འབུར་བརྐོས་ཤིག་ཡོད་པ་སྟེ། གོང་རིམ་གྱི་ལྷ་སྐུའི་བར་གསེང་དུ་མེ་ཏོག་པདྨའི་སྟེང་བཞུགས་ཤིང་ཏིང་འཛིན་ལ་གནས་པའི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཞིག་དང་། དེའི་གཡས་སུ་ལུས་ལ་ན་བཟའ་དམར་པོ་མནབས་ཤིང་རྒྱབ་ངོས་སུ་འཁོར་བའི་རྙིང་མ་པའི་བླ་མ་ཞིག་ཡོད། དེའི་གཡོན་ཕྱོགས་སུའང་སྤྱན་རས་གཟིགས་ཀྱི་ལྷ་སྐུ་གཅིག་བཞུགས་འདུག་ཅིང་། འོག་རིམ་དུ་ཐོར་ཅོག་མཐོ་ཞིང་དབུ་ལ་ནོར་བུ་ཆ་གསུམ་ཅན་གྱི་ཅོད་པན་སྤྲས་པའི་སྒྲོལ་མའི་ལྷ་སྐུ་གཉིས་བཞུགས་ཡོད། ལྷ་སྐུ་འདི་དག་གི་མཐའ་འཁོར་གྱི་འདམ་བག་དང་། ཚོན་རིས། ཡི་གེ་སོགས་ནི་ཕྱིས་སུ་ཁ་སྣོན་བྱས་པ་ཡིན་ལ། ས་དེའི་དད་ལྡན་མང་ཚོགས་ཀྱིས་ལྷ་སྐུ་སྲོང་སྐྱོབ་བྱེད་ཆེད་སྟེང་དུ་ཁང་ལེབ་ཆུང་ཆུང་ཞིག་ཀྱང་བཀབ་འདུག
  དེ་ལས་གཞན་དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་བྲག་ཐེམ་དེའི་ཉེ་འགྲམ་དུ་སྤྱི་ཁྲེ15ཡོད་པའི་མཆོད་རྟེན་ཆེན་པོ་ཞིག་གི་རྟིང་གཞིའི་གནའ་ཤུལ་ཞིག་ཀྱང་རྙེད་ལ། ཁོང་གིས་ཚོད་དཔག་བྱས་པ་ལྟར་ན་དེ་ཡང་དུས་རབས12པའི་ནང་དུ་བཞེངས་པ་རེད་ཟེར།
  དགེ་རྒན་ཆེན་མོ་ཝུན་གྱིས་དཔལ་ཡུལ་རྫོང་སྟག་ལུང་སྡེ་བའི་བྲག་ཐེམ་གྱི་སྐེད་ན་ཡོད་པའི་བསྟན་པ་ཕྱི་དར་སྐབས་ཀྱི་སྐུ་བརྙན་འདི་དག་རྙེད་པ་ལས་བོད་བརྒྱུད་ནང་བསྟན་གྱི་སྐུ་བརྙན་བཟོ་བའི་ལོ་རྒྱུས་ཐོག་གི་སྟོང་ཆ་དེ་བསྐངས་ཞེས་བཤད་པ་རེད།


དགེ་རྒན་ཆེན་མོ་ཝུན་སོགས་ཀྱིས་མཆོད་རྟེན་གྱི་གནའ་ཤུལ་ལ་རྟོག་ཞིབ་བྱེད་བཞིན་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།