མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཟི་ལིང་དུ་བཙུགས་པ།
མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་བཙུགས་པའི་ཚོགས་འདུ་བསྡུ་བ།
ཟླ9བའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་སྐྱོར་དང་སྣེ་སྟོན་འོག་མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་དངོས་སུ་བཙུགས།
ཚོགས་འདུའི་ཐོག་མེ་སྒྲོན་ལགས་ཚོགས་གཙོར་བདམས་པ་དང་། བསོད་ལོ། སི་ཆིན་ཧྥོ། བསོད་ནམས་རྡོ་རྗེ། ལུང་རིན་ཆེན། རྟ་ལོ། བཀྲ་ཤིས་དོན་འགྲུབ། པདྨ་ལྷུན་འགྲུབ། འཇིགས་མེད་རྡོ་རྗེ། པདྨ་ཚེ་བརྟན། གངས་ཞུན་བཅས་ཚོགས་གཙོ་གཞོན་པར་བདམས། མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཀྱི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་ཇི་ཏེ་མ་ཅ་ལགས་དང་། དེ་སྔའི་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་སྐལ་བཟང་རྡོ་རྗེ་ལགས། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་པའོ་ཡིས་ཀྲི་ལགས་བཅས་མཚན་འཛིན་ཚོགས་གཙོར་གདན་ཞུ་བྱས་ཤིང་། ཅི་མིན་དང་ཁྲིན་དིན་ཡེ་སོགས་བློ་མཐུན22བློ་འདོན་པར་གདན་ཞུ་བྱས་པ་རེད།
སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་ཐོ་འགོད་འཛིན་ཡིག་གནང་བ།
དེ་སྔའི་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་རྡོ་རྗེ་ལགས་ཀྱིས་
གསུང་བཤད་གནང་བཞིན་པ།
ཚོགས་འདུའི་སྟེང་དེ་སྔའི་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་སྐལ་བཟང་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་བ་སྟེ། མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ནི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལོ་ཙཱའི་ཆེད་ལས་ཀྱི་རིག་གཞུང་ཚོགས་པ་ཐོག་མ་ཡིན་ཞིང་། འདིས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལོ་ཙཱར་རིག་གཞུང་བགྲོ་གླེང་དང་རིག་གནས་བརྒྱུད་སྒྲོག་བྱེད་པའི་སྟེགས་བུ་ཞིག་བསྐྲུན། དེ་དང་མཉམ་དུ་མཐུན་ཚོགས་འདི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་བར་སྨོན་ཞེས་བཤད་པ་རེད།
མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ་མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཀྱི་
ཚོགས་གཙོ་མེ་སྒྲོན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ་མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཀྱི་ཚོགས་གཙོ་མེ་སྒྲོན་ལགས་ཀྱིས་བསྟན་དོན། མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་འགོ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚོགས་པའི་དོ་དམ་ཅུའི་ཁྲིད་སྟོན་འོག མཐུན་ཚོགས་འདིའི་སྒྲིག་ཡིག་ལྟར་མི་རིགས་སོ་སོའི་རྩོམ་རིག་མཉམ་སྤེལ་གྱི་བརྗོད་གཞི་རྒྱུན་འཁྱོངས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་སྐུལ་སྤེལ་བྱེད་པ་དགོངས་དོན་དུ་བཟུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་དང་། མཚོ་སྔོན་གྱི་རྩོམ་རིག་བྱ་བའི་ཡར་རྒྱས་གོང་འཕེལ་ཐད་གྲུབ་འབྲས་གསར་བ་འཇོག་པར་ཧུར་ཐག་བྱེད་ངེས་ཡིན་ཞེས་བཤད་པ་རེད།
མཐུན་ཚོགས་འདིས་འཆར་བཀོད་ལྟར་ལོ་རེར་མ་མཐའ་ཡང་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལོ་ཙཱའི་བརྩམས་ཆོས་ཕྱོགས་བསྒྲིགས་གཅིག་རྩ་འཛུགས་འགྲེམ་སྤེལ་བྱེད་པ་དང་། དུས་བཅད་ལྟར་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་བའི་ཚོགས་འདུ་བསྡུ་བ། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལོ་ཙཱའི་བརྩམས་ཆོས་དཔྱད་མོལ་ཚོགས་འདུ་བསྡུ་བ་སོགས་ཀྱི་བྱ་བ་རབ་དང་རིམ་པ་སྤེལ་རྒྱུ་རེད།
མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་བཙུགས་པ་འདིས་མི་རིགས་རྩོམ་རིག་གསར་རྩོམ་དང་། ལོ་ཙཱའི་ཞིབ་འཇུག རིག་གཞུང་བགྲོ་གླེང་བཅས་ཀྱི་བྱ་འགུལ་སྤེལ་བ་དང་། ལོ་ཙཱ་བ་འཇོན་ཐང་ཅན་སྐྱེད་སྲིང་དང་ལོ་ཙཱའི་དཔུང་སྡེའི་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་གཞག་ཡར་རྒྱས་གོང་འཕེལ་གཏོང་བར་དོན་སྙིང་ཆེན་པོ་ལྡན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com