ལྷ་སར་ཞང་བོད་བགྲོ་གླེང་འདུ་འཛོམས་བྱུང་བ།
ཚོགས་འདུའི་ཡུལ་དངོས།
ཟླ9ཚེས3ཉིན་གྱི་ཕྱི་དྲོར། བསྟན་ལ་ལྷག་བསམ་དཀར་བའི་ཟིང་ཆུའི་ཡུལ་གྱི་ཚོང་དཔོན་རྩེ་རྒྱལ་དང་ཨ་ཚེ་རིང་གཉིས་གཙོ་བྱས་ཚོང་བ་ཁ་ཤས་སྦྱིན་བདག་མཛད་འོག ལྷ་སའི་སྐྱིད་ཆུའི་མགྲོན་ཁང་གི་ཚོམས་ཁང་ཆེན་མོ་རུ་མཁས་དབང་བོན་བརྒྱ་རིན་པོ་ཆེ་ཚོགས་ཐོག་ཏུ་གདན་འདྲེན་ཞུས་ཐོག་སྟེང་ཆེན་དགོན་གྱི་མཁན་རྒྱ་མཚོ་ནོར་བུ་དང་སྨོན་རྒྱལ་བླ་མ་ནམ་མཁའ་དབང་ལྡན། བྱ་བཏང་སྤྲུལ་སྐུ་ཤེས་རབ་བློ་གྲོས། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དཔྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། མངའ་རིས་པ་གཡུང་དྲུང་མཐར་ཕྱིན།. བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དོན་འགྲུབ་ལྷ་རྒྱལ། ཞང་ཞུང་རིག་གནས་དར་རྒྱས་མཐུན་ཚོགས་ཀྱི་ཞུང་ཀརྨ་རྒྱལ་མཚན་སོགས་དང་། དེ་མིན་བོད་ལྗོངས་སློབ་ཆེན་དང་གསོ་རིག་སློབ་གླིང་གི་དགེ་སློབ་ཁག་ཅིག་བཅས་བོན་གྱི་ཆེད་ལས་ཞིབ་འཇུག་པ་དང་དེའི་སྐོར་ལ་ཐུགས་སྣང་དཀར་བའི་དོན་གཉེར་ཅན་མི་སྣ30ལྷག་གདན་འཛོམས་ནས་སྐོང་འཚོགས་བྱས།
དཔྲ་ཁྱུང་དགེ་བཤེས་ལགས་ནས་ཞང་ཞུང་རིག་གནས་དར་རྒྱས་ཚོགས་པའི་ཚབ་བྱས་ཏེ་དབུ་འཛིན་དང་ཚོགས་འདུའི་དམིགས་ཡུལ་ངོ་སྤྲོད་བྱས་རྗེས། ཞང་བོད་རིག་གཞུང་སྐོར་ནས་ཉམས་མྱོང་སྤེལ་རེས་དང་ལྟ་ཚུལ་བརྗེ་རེས། དོགས་གཅོད་དང་དགག་གཞག་སོགས་བརྒྱུད་དེ་གནའ་བོའི་ཞང་ཞུང་གི་ལོ་རྒྱུས་དང་བོད་གནའ་བོའི་ཤེས་རིག་ལོ་རྒྱུས་སྐོར་དུས་ཡུན་ཆུ་ཚོད4ཙམ་ལ་ཕན་ཚུན་བགྲོ་གླེང་བྱས། ལྷག་པར་མཁས་དབང་བོན་བརྒྱ་མཆོག་གིས་དྲི་བ་འདེབས་པ་པོ་དག་ལ་རེ་རེར་ལན་བསྐྱོན་པ་དང་ལོ་རྒྱུས་དཀའ་གནད་འགའ་ཞིག་ཉམས་ཞིབ་མཛད། ཞོར་དུ་ཞང་བོད་ལོ་རྒྱུས་སྐོར་དང་རྒྱལ་རབས་ལོ་ཚིགས་ཀྱི་སྐོར། བོད་ཀྱི་ཡི་གེ་བྱུང་འཕེལ་དང་བརྡོལ་འཁྱར་བསྒྱུར་གསུམ་གྱི་གོ་དོན། ཆོས་གྲུབ་ཕན་ཚུན་བར་མཐུན་སྒྲིལ་དང་དགོན་སྡེ་སོ་སོར་བཤད་སྒྲུབ་ཀྱི་འཆད་ཉན་གཙོ་བོར་བསྐྱངས་དགོས་ཚུལ་གྱི་དགོངས་འཆར་ལྷུག་པོར་བསྩལ། ཆེད་ཕེབས་ཀྱི་ཚོགས་མི་རྣམས་ཀྱིས་ཀྱང་ཞང་ཞུང་གི་ཤེས་རིག་ལོ་རྒྱུས་ལ་སྔར་ལས་ལྷག་པའི་ཞིབ་འཇུག་མི་སྣ་བསྐྱེད་བསྲིང་དང་། ཞིབ་འཇུག་གི་ལམ་ཕྱོགས་དེ་འཛམ་གླིང་ལ་ཁ་ཕྱོགས་ཏེ་གཏིང་ཟབ་དང་འབུར་ཐོན་གྱི་ནུས་པ་རྒྱ་ཆེར་ཐོན་ཐབས་ཀྱི་བྱ་བ་ལེགས་པོ་ཡོང་ཐབས་འབད་བརྩོན་བྱ་དགོས་ཚུལ་བཅས་ཀྱི་ཕན་ཚུན་བགྲོ་གླེང་བྱས་ཐོག་འདུ་ཚོགས་བདེ་ལེགས་ངང་གྲོལ་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com