མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱིས་སྐབས་གསུམ་པའི་ནང་བསྟན་གླེང་སྟེགས་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-08 11:45:00 ཀློག་གྲངས།:

  ཉེ་སྔོན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་ལྷན་ཚོགས་ཀྱིས་སྤྲེལ་རྫོང་དགོན་པ་ནས་སྐབས་གསུམ་པའི་ནང་བསྟན་གླེང་སྟེགས་བསྡུས་པ་རེད། སྐབས་འདིའི་གླེང་སྟེགས་ཀྱིས“ཆོས་སྤེལ་ཁྲིམས་སྲུང་དང་། འཆམ་མཐུན་མཉམ་སྐྲུན”ཞེས་པ་བརྗོད་གཞིར་བཟུང་ནས་བོད་བརྒྱུད་ནང་བསྟན་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་གྱི་འབྲེལ་བའི་ཐད་ལ་གཏན་བཤད་དང་བགྲོ་གླེང་རྒྱ་ཆེན་པོ་བྱས། མཚོ་ལྷོ་ཁུལ་དང་རྫོང་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། དྲུང་ཡིག་ཆེན་མོ། དེ་མིན་སྤྲེལ་རྫོང་དགོན་པ། གཙང་དགོན་པ། ཀླུ་ཚང་དགོན་པ། ཐར་ཤུལ་དགོན་པ་སོགས་དགོན་སྡེ་ཆེན་པོ19ཡི་བླ་སྤྲུལ་དང་། དབུ་མཛད། སྤྲེལ་རྫོང་དགོན་པའི་གྲྭ་བཙུན་སོགས་གླེང་སྟེགས་སྟེང་ཞུགས་པ་རེད།
   སྐབས་འདིའི་གླེང་སྟེགས་སྟེང་། དགོན་སྡེ་སོ་སོ་ནས་ཕེབས་པའི་བླ་སྤྲུལ་དང་དབུ་མཛད་རྣམས་ཀྱིས་འཆད་ཉན་རྩོད་འདྲི་སོགས་ཀྱི་ཚུལ་གྱིས་ཕན་ཚུན་བགྲོ་གླེང་དང་སློབ་སྦྱོང་བྱས་ཤིང་། དེའི་མཚུངས་སུ་བོད་བརྒྱུད་ནང་བསྟན་གྱིས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ནུས་པ་ཇི་ལྟར་འདོན་པ་དང་ད་ལྟའི་གནས་བབ་གསར་བའི་འོག་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཇི་ལྟར་མཐུན་སྦྱོར་བྱེད་པ་སོགས་ཀྱི་ཐད་ལ་རྩད་བསྡུར་དང་བགྲོ་གླེང་བྱས། ཚོགས་ཞུགས་མི་སྣ་ཡོངས་ཀྱི་ལྟ་བ་གཅིག་མཐུན་བྱུང་བ་སྟེ་བོད་བརྒྱུད་ནང་བསྟན་དང་འཆམ་མཐུན་སྤྱི་ཚོགས་བར་འབྲེལ་བ་དམ་ཟབ་ཡོད་ལ། ཁོང་ཚོས་རྗེས་ཕྱོགས་དགོན་སྡེའི་འཆམ་མཐུན་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ཇེ་ལེགས་སུ་གཏོང་བ། དད་ལྡན་མང་ཚོགས་ལ་སློབ་གསོ་གཏོང་བ་སོགས་ཀྱི་བྱ་བའི་ཁྲོད་ཞུགས་ནས་བོད་ཁམས་ཀྱི་སྤྱི་ཚོགས་འཆམ་མཐུན་ཡོང་བར་རྨང་གཞི་བརྟན་པོ་འདིང་ངེས་ཡིན་ཞེས་བཤད་པ་རེད།
  སྐབས་འདིའི་གླེང་སྟེགས་བརྒྱུད་ནས་ཆོས་ལུགས་མི་སྣ་རྣམས་ཀྱིས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཁྲོད་བོད་བརྒྱུད་ནང་བསྟན་གྱི་གལ་ཆེན་རང་བཞིན་ལ་ངེས་ཤེས་གསལ་བོ་ཞིག་སྐྱེས་ཐུབ་པ་མ་ཟད། མཐུན་སྒྲིལ་གྱི་འདུ་ཤེས་དང་། གཏན་འཇགས་ཀྱི་འདུ་ཤེས། འཕེལ་རྒྱས་ཀྱི་འདུ་ཤེས་བཅས་ཇེ་ལེགས་སུ་བཏང་ལ།  དེ་དང་མཉམ་དུ་རང་ངོས་ཀྱི་ཞན་ཆ་སོགས་ཀྱང་རྟོགས་པར་སློབ་སྦྱོང་གི་ནུས་པ་ཐོན་ཡོད་པ་རེད།                      


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།