དཀར་མཛེས་བོད་ཡིག་ཚགས་པར་ཞིང་འབྲོག་མང་ཚོགས་ཀྱི་གྲོགས་པོར་འགྱུར་ལ་ཉེ་བ།

རྩོམ་པ་པོ།:ཐུབ་བསྟན། ཡོང་ཁུངས།:ཁམས་པའི་དྲ་བ། དུས་ཚོད།:2011-09-10 12:18:00 ཀློག་གྲངས།:

            ཟླ7པའི་ནང་།  དཀར་མཛེས་ཚགས་པར་ཁང་དང་ཁུལ་མི་དམངས་སྨན་ཁང་གཉིས་ཀྱིས་མཉམ་གཉེར་བྱས་ནས་ཁུལ་སྨན་ཁང་དུ་དཀར་མཛེས་ཚགས་པར་ལྟ་ཀློག་བྱེད་གནས་བཙུགས་པའི་བྱ་སྤྱོད་སྤེལ་ནས་ཟླ་བ་གཅིག་ལྷག་སོང་ཞིང་།   ཟླ9ཚེས4ཉིན་གསར་འགོད་པ་ཆེད་དུ་ཁུལ་སྨན་ཁང་དུ་དེའི་སྐོར་གྱི་གནས་ཚུལ་ལ་ཡང་བསྐྱར་བཅར་འདྲིར་ཕྱིན་པ་རེད།   
            སྨན་ཁང་གི་ནང་སྒོ་རུ་འཛུལ་མ་ཐག་ཤར་ངོས་སུ་སྟར་ཕྲེང་སྒྲིག་པའི་བཤམ་ཁུལ་གྱི་བོད་ཡིག་ཚགས་པར་གྱི་བཤམ་སྒྲོམ་མདུན་དུ་བོད་མི་གཉིས་ཀྱིས་བོད་ཡིག་ཚགས་པར་ལྟ་བཞིན་པ་སྟེ།   བསོད་ནམས་ཚེ་རིང་ནི་དཀར་མཛེས་རྫོང་དང་དགེ་ལེགས་འཇམ་དཔལ་ནི་རྫ་ཆུ་ཁ་པའི་མི་རེད།   ཁོང་གཉིས་ཀ་སྨན་ཁང་དུ་ནད་གཡོག་བྱེད་སར་ཡོང་བ་ཡིན་པ་དང་།  ཁོམ་སྐབས་ཡོད་དུས་དུས་རྒྱུན་དུ་བོད་ཡིག་ཚགས་པར་ལྟ་རྒྱུར་དགའ་པོ་ཡོད་འདུག   དགེ་ལེགས་འཇམ་དཔལ་གྱིས་བཤད་རྒྱུར།  བོད་ཡིག་ཚགས་པར་གྱི་ཐོག་ནས་ང་ཚོས་རྒྱལ་ཕྱི་ནང་དང་རང་ཁུལ་གྱི་སྲིད་ཇུས་དང་འཕྲིན་གསར།  རིག་གནས་ཤེས་བྱ་མང་པོ་གོ་ཐུབ་པས་རང་གི་ལྟ་རྒྱ་དང་ཐོས་རྒྱ་ཇེ་ཆེར་སོང་ཞིང་བློ་སྒོ་ཇེ་ཆེར་སོང་བར་ཕན་ཐོགས་ཀྱི་འདུག   ངོ་མ།  བོད་མི་ཚང་མས་རིག་གནས་སྦྱོང་རྒྱུ་ནི་མི་རིགས་ཡར་རྒྱས་འགྲོ་བྱེད་ཀྱི་མ་མཐའི་ཆ་རྐྱེན་རེད་འདུག་པས་ཡིད་འཇོག་མི་བྱེད་ཀ་མེད་རེད། 
            སྨན་ཁང་འདིར་ཡོང་བའི་ནད་པ་དང་ནད་གཡོག་བྱེད་མཁན་ཚོ་ལ་མཚོན་ན་མང་ཆེ་བ་ཞིང་འབྲོག་ཁུལ་ནས་ཡོང་བའི་བོད་པ་ཡིན་ཡང་དེ་ཚོའི་ནང་དུ་བོད་ཡིག་ཤེས་མཁན་ཡང་དཀོན་ལ།   ཚགས་པར་ཞིག་ལྟ་འདོད་ཡོད་ཀྱང་ཡི་གེ་མི་ཤེས་པས་ལུས་སོང་བ་རེད།  ད་ལྟའི་གྲོང་སྡེ་ནས་ཡོང་བའི་བོད་མི་མང་ཆེ་བས་སྨན་ཁང་དང་ལས་ཁུངས་གཞན་དག་ཏུ་ནད་ལྟ་བ་དང་བྱ་བ་བསྒྲུབ་ཏུ་འགྲོ་དགོས་ཚེ་ངོ་མ་ལོང་འཁྱམ་དང་ཁྱད་པར་མི་འདུག་པས་སྙིང་རྗེ་བའི་གནས་སུ་ལྷུང་ཡོད་ཅིང།   གལ་སྲིད་ཚང་མས་བོད་ཡིག་ཤེས་པའི་དབང་དུ་བཏང་ན་དཀར་མཛེས་བོད་ཡིག་ཚགས་པར་ནི་ནད་པ་དང་ནད་གཡོག་ཚང་མའི་གྲོགས་པོ་བཟང་པོ་ཞིག་འགྱུར་ངེས་རེད།
            གསར་འགོད་པས་སྡོད་བཅོས་ཐོག་ཁང་ཆེན་མོའི་ཁང་བརྩེགས་རེ་རེ་བཞིན་དུ་ལྟ་སྐོར་ཞིག་བྱས་ཤིང།   བར་ཁྱམས་ཀྱི་འཁྲིས་སུ་བཞག་པའི་ཚགས་པར་གདང་ཁྲི་ཐོག་གི་བོད་ཡིག་ཚགས་པར་རྣམས་ལ་བལྟས་ན་སྨན་ཁང་ཕྱོགས་ཀྱི་འགན་ཡག་པོ་ཁུར་ནས་ཚགས་པར་རྣམས་དུས་ཐོག་ཏུ་གདང་ཁྲིར་འགེལ་བཞིན་ཡོད་པ་ཤེས་ཐུབ།  གསར་འགོད་པས་སྨན་ཞབས་པ་ཁ་ཤས་ལ་བོད་ཡིག་ཚགས་པར་ལྟ་མཁན་མང་པོ་ཨེ་འདུག་ཅེས་དྲིས་ཚེ།  ཁོང་ཚོས་སྤྱིར་བཏང་ཏུ་ལྟ་མཁན་ཅུང་ཉུང་ཞིང་ཕྱི་དྲོའི་སྐབས་སུ་ཅུང་མང་ནའང་བོད་ཡིག་ཤེས་མཁན་གྱི་ཞིང་འབྲོག་དམངས་ནད་པ་དང་ནད་གཡོག་དེ་ཙམ་མེད་པ་འདྲ་ཟེར།   གང་ལྟར་ཡང་དུས་ཡུན་ནམ་ཞིག་གི་ཚེ་དཀར་མཛེས་བོད་ཡིག་ཚགས་པར་ཞིང་འབྲོག་དམངས་རྣམས་ཀྱི་གྲོགས་པོ་བཟང་པོ་ཞིག་ཏུ་འགྱུར་བ་ནི་ཐེ་ཚོམ་མི་དགོས་སྙམ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།