ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་དུས་ཆེན་བསུ་བའི་རིག་རྩལ་སྤྲོ་ཚོགས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-10 12:45:00 ཀློག་གྲངས།:


ལྷག་བསམ་འཁོལ་བའི་ངང་དགེ་རྒན་གྱི་དུས་ཆེན་བསུ་བ།

            ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་ཉེར་བདུན་པའི་དགེ་རྒན་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་དང་སློབ་ལོ་གཅིག་གི་བྱ་བའི་གཟེངས་བསྟོད་ཚོགས་འདུ་གཉིས་དུས་གཅིག་ཏུ་སློབ་གྲྭའི་ལུས་རྩལ་ཐང་ཆེན་ནས་སྤྱི་ཟླ9ཚེས9ཉིན་གྱི་སྔ་དྲོའི་དུས་ཚོད9སྟེང་སྤྲོ་སེམས་དང་མཛའ་བརྩེའི་མཉམ་འཛོམས་ཀྱི་ཁྲོད་དུ་གཟབ་རྒྱས་ངང་ཚོགས་པ་རེད།


དགེ་རྒན་དུས་ཆེན་བསུ་བར་རིག་རྩལ་འཁྲབ་སྟོན་བྱེད་པ།

            ཉིན་གཉིས་རིང་གར་སྟེགས་ཇུས་འགོད་དང་འབྲེལ་ཡོད་དགེ་རྒན་དུས་ཆེན་གྱི་སྦྱར་འགྲེམ་ལྔ་བརྒྱ་ལྷག་འགྲེམ་སྟོན་བྱས་པར་སློབ་རའི་ཁོ་ར་ཁོར་ཡུག་ཀུན་ཏུ་མིག་ལ་མཛེས་ཤིང་གསོན་ཉམས་བཀྲ་བས་ངོ་མ་རླབས་ཆེ་བའི་དགེ་རྒན་གྱི་སྐྱེས་སྐར་སླེབས་བྱུང་བ་སེམས་ཀྱི་ཕུ་ནས་རང་བྱུང་ངང་བརྡོལ་ཡོང་།   ལྷག་པར་དུ་འཛིན་གྲྭ་སོ་སོའི་སློབ་གྲོགས་རྣམས་ཀྱིས་སྟངས་སྟབས་མཛེས་པའི་བྲོ་གར་དང་སྙན་འཇེབས་ལྡན་པའི་གླུ་གཞས་སྣ་ཚོགས་རང་རང་སར་སྟ་གོན་ལེགས་པོ་བྱས་ནས་བྱམས་ལྡན་དགེ་རྒན་ལ་དྲིན་གཟོ་བའི་ལེགས་སྐྱེས་གྱ་ནོམ་པ་འབུལ་བར་བྲེལ་ཟིང་གིས་ཁེངས་འདུག


སློབ་བུ་ཆུང་ཆུང་རྣམས་ཀྱིས་ལྷག་བསམ་ཟོལ་མེད་ངང་དགེ་རྒན་གྱི་དུས་ཆེན་བསུ་བ། 

            ལོ་རིམ་དགུ་བའི་བཀྲ་ཤིས་འཁར་རྔ་ཞེས་པའི་ཡིད་འཕྲོག་པའི་ཞབས་བྲོ་ཞིག་གིས་དགེ་རྒན་དུས་ཆེན་བསུ་བའི་ཡོལ་རས་ཕྱེ་ཞིང་། རྗེས་མཐུད་ནས་བོད་རྒྱ་དབྱིན་གསུམ་གྱི་མདོ་འཛིན་པ་རྣམས་ཀྱིས་ལུས་ལ་འཕྱོར་གོས་བརྒྱན་ཞིང་སྨྲ་སྒོ་དག་པའི་ཚིག་འབྲུ་གཅིག་གིས་མཛད་སྒོ་མགོ་བརྩམས་པའི་མེ་ཏོག་གི་ཆར་ཕབ་ཅིང་། སྙན་པའི་རོལ་དབྱངས་དཀྲོལ་ནས་གནམ་སའི་བར་སྣང་མེ་ཏོག་གི་འཇིག་རྟེན་ཞིག་ལ་ཁྲིད།  དེའི་མུར་གོང་མགོ་ཁྲིད་དང་འཐུས་ཚབ་སློབ་མ། འཐུས་ཚབ་ཁྱིམ་བདག་བཅས་ཀྱིས་དགེ་རྒན་དུས་ཆེན་ལ་ལྷག་བསམ་དཀར་པོས་ཤིས་ཚིག་འབུལ་ཅིང་བཀྲ་ཤིས་རྟེན་འབྲེལ་གྱི་ཁམས་བདེའི་འཚམས་འདྲི་གནངས།


བྲོ་གར་འཁྲབ་སྟེ་དགེ་རྒན་གྱི་དུས་ཆེན་བསུ་བ།

            བྱམས་སེམས་ཀྱི་འོད་སྣང་མངའ་ཞིང་གཞན་ཕན་གྱི་ལྷག་བསམ་ལྡན་པ། ཤེས་བྱའི་དངོས་གྲུབ་ཕངས་མེད་དུ་སྩོལ་མཁས་མཁྱེན་ལྡན་དགེ་རྒན་དག་གི་སྐུ་དྲིན་དེ་མཇལ་ཆེད་ལོ་ཆུང་བྱིས་པའི་སེམས་ཁོང་ནས་བརྡོལ་བའི་སྙན་ངག་གི་གདངས་དབྱངས་རེ་རེ་དང་འཛིན་གྲྭ་སོ་སོའི་ཉམས་བརྒྱད་རྫོགས་པའི་བྲོ་གར་རེ་རེ་མངོན་པར་དོད་དེ་དགའ་བའི་འཛུམ་དྲུག་བཞད་ཅིང་དུངས་པའི་སེམས་པ་སྟོན།  གཅིག་ལས་གཅིག་ལྷག་གི་ངོ་མཚར་ལྟད་མོས་རབ་ཀྱིས་བརྒྱན་ནས་སློབ་ལོ་གཅིག་གི་བྱ་བའི་གཟེངས་བསྟོད་ཀྱི་བྱ་དགའི་རྣམ་གྲངས་རེ་རེའང་དགེ་སློབ་ཀུན་གྱི་མིག་གི་ལོངས་སྤྱོད་དུ་སྨིན་ཞིང་།  ལྗིད་ཏིག་ཏིག་གི་རྒྱལ་ཁའི་ལེགས་སྐྱེས་རེ་རེ་དགེ་རྒན་རྣམ་པའི་དགའ་སྤྲོ་དང་ཡིད་ཆེས་ཀྱི་ཀློང་ནས་བསུས།


དགེ་རྒན་དུས་ཆེན་བསུ་བའི་རིག་རྩལ་སྤྲོ་ཚོགས་སྟེང་གི་གཟིགས་མོ་བ་ལྷན་རྒྱས། 

             ལྷག་པར་དུ2011ལོའི་འབྲིང་རྒྱུགས་ཁྲོད་གཡུར་དུ་ཟ་བའི་ཕུལ་བྱུང་སློབ་མ་བཅུ་ལྷག་ལ་དུང་དཀར་ཚིག་མཛོད་ཆེན་མོའི་སྐུལ་སློང་གི་ལེགས་སྐྱེས་གྱ་ནོམ་པ་གནང་བ་རེད། མཇུག་མཐར་སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་སློབ་ལོ་གསར་བའི་དུས་ཚོད་ཀྱི་ཐག་སྒྲ་དང་འགྲོགས་ནས་དགེ་སློབ་ཟུང་གིས་སྔོན་བྱུང་གྲུབ་འབྲས་ལ་མིག་ལྟོས་དང་མ་འོངས་འབྱུང་འགྱུར་ལ་འཚོལ་སྙེག་བྱེད་བཞིན་སང་ཉིན་གྱི་ང་ཚོའི་སློབ་གྲྭ་སྔར་ལས་འཕེལ་རྒྱས་དང་རྩེ་མོའི་རྩེ་མོར་སྙེག་པར་དཔུང་བ་མཉམ་དུ་བསྐྱོད་དགོས་པའི་འབོད་སྐུལ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།