ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་རྩིས་ཚན་བསླབ་ཁག་མཐོར་འདེགས་ཀྱི་གྲོས་ཚོགས་བསྡུས་པ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་རྩིས་ཚན་བསླབ་ཁག་མཐོར་འདེགས་གཏོང་བའི་གྲོས་ཚོགས་ཡུལ་དངོས།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་ཆེད་དང༌། ལྷག་པར་རྩིས་ཚན་བསླབ་བྱའི་སློབ་ཁྲིད་བྱེད་ཐབས་དང་ཐབས་ལམ་གསར་བ་སྔོག་འདོན་བྱས་ནས་རྩིས་ཚན་གྱི་ཆུ་ཚད་གོང་མཐོར་གཏོང་ཆེད་ཟླ་འདིའི་ཚེས17ཉིན་སློབ་གྲྭ་སྤྱིའི་རྩིས་དངོས་རྫས་གསུམ་གྱི་དགེ་རྒན་ཡོད་ཚད་སློབ་གྲྭའི་གཞུང་སྒྲུབ་ཐོག་ཁང་གི་ལྔ་ཐོག་ཚོགས་འདུ་ཁང་དུ་གྲོས་མོལ་ཚོགས་འདུ་གཟབ་རྒྱས་ཤིག་བསྡུས།
ཐེངས་འདིའི་ཚོགས་འདུ་སློབ་སྟོན་ཁང་གི་དགེ་རྒན་ཚེ་རིང་རྡོ་རྗེ་ཡིས་མགོ་འཛིན་མཛད་པ་སྟེ། ཁོས་ཐོག་མར་སློབ་གྲྭ་བཙུགས་ཚུན་ནས་ད་བར་དུ་སློབ་གསོའི་བྱ་བའི་ཁྲོད་བླངས་པའི་གཟེངས་ཐོན་གྱི་གྲུབ་འབྲས་རེ་རེ་ངོ་སྤྲོད་རགས་ཙམ་བྱས་པ་བརྒྱུད། ད་ཡོད་སློབ་གྲྭའི་རྩིས་ཚན་སློབ་གསོའི་བྱ་བའི་ཁྲོད་གནས་པའི་གནད་དོན་དང་མི་འདང་སའི་ཆ་དབྱེ་ཞིབ་དང་ཕྱོགས་སྡོམ་བྱས་ཏེ་སློབ་མ་རྣམས་ཀྱིས་རྩིས་ཚན་ལ་སྦྱངས་བའི་དགའ་སྣང་བསྐྱེད་པ་དང་རྩིས་ཚན་ལ་འཇུག་འདོད་པའི་སྤྲོ་བ་སློང་རྒྱུ་ནི་རྩིས་ཚན་སློབ་གསོའི་ཆུ་ཚད་ཇེ་མཐོར་གཏོང་བའི་གོ་རིམ་གལ་ཆེན་ཞིག་ཡིན་པ་གསལ་བོར་བརྗོད་ནས་དགེ་གྲོགས་རྣམ་པས་ཐུགས་དཀྱེལ་ཡངས་པོས་བསམ་གཞིག་དང་གྲོས་ཁ་བསྡུར་བའི་རེ་བ་དང་འབོད་སྐུལ་གནངས་བ་རེད། ཐེངས་འདིའི་གྲོས་མོལ་ཚོགས་འདུ་ཐོག་ཐག་གཅོད་གཏན་འབེབས་བྱས་པའི་རེ་བ་དང་འཆར་གཞི་གཤམ་གསལ་ལྟར།
དང་པོ། རྩིས་རིག་བསླབ་བྱའི་ཐད་བཏོན་པའི་རེ་བ།
1 དབྱེ་ཞིབ་དང་ཕྱོགས་བསྡུས་སྒོས་རྩིས་རིག་བསླབ་ཁག་ལ་གོ་རིམ་ཞིབ་ཚགས་ལྡན་པའི་འཆར་གཞི་ཞིག་བཀོད་དེ་རྩིས་རིག་གི་སློབ་ཚན་རེ་རེའི་ནང་དོན་སློབ་མའི་རྒྱུད་ལ་བདེ་བླག་ངང་བཞག་ནས་རྩིས་རིག་གི་རྨང་གཞིའི་ཤེས་བྱ་མཐོར་འདེགས་གཏོང་བ་དང༌། མ་ཟད་དུས་ཡུན་ཐུང་ངུའི་ནང་ལོ་རིམ་སོ་སོའི་རྩིས་རིག་གི་དགེ་རྒན་རྣམ་པས་རྒྱུགས་ཤོག་ཡིག་ཚགས་བཟོ་བ།
2 རྩིས་རིག་སློབ་ཚན་རྗེས་ཀྱི་སྦྱང་ཚན་བསྡུ་སྒྲིག་དང༌། ནང་དོན་ལྡན་ལ་སྣ་འཛོམས་ཅན་གྱི་དཀྱིལ་རྒྱུགས་རྒྱུགས་ཤོག་གཉིས་དང་མཇུག་རྒྱུགས་རྒྱུགས་ཤོག་གཉིས་བཟོ་བཅའ་བྱ་རྒྱུ།
3 དམའ་འབྲིང་རྩིས་རིག་དགེ་རྒན་རྣམ་པས་དཔེ་མཚོན་སྨྱན་གཟུགས་བཅུ་རེ་བཟོས་ཏེ་ཕན་ཚུན་ལ་མཁོ་འདོན་བྱེད་རེས་དང་བསམ་བློ་བརྗེ་རེས་སྒོས་དཀའ་གནད་རྣམས་མཉམ་པོར་ཐག་གཅོད་བྱེད་རྒྱུ།
གཉིས་པ། དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་བཅས་ཀྱི་བསླབ་བྱའི་བྱ་བའི་ཐད་ལ་བཏོན་པའི་རེ་བ་ནི་གཤམ་གསལ།
1 དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་བཅས་ཀྱི་བསླབ་ཁག་འདི་གསུམ་པོར་དབྱེ་ཞིབ་ཞིབ་འཇུག་ལེགས་པོ་བྱས་རྗེས་ཞིབ་ཚགས་གསལ་ཆ་དོད་པའི་འཆར་གཞི་བཟོས་ཏེ་རེ་འདུན་ལྟར་ཤེས་བྱའི་ཤོང་ཚད་ཇེ་མཐོར་གཏོང་བ།
2 བསླབ་ཁག་སོ་སོའི་དགེ་རྒན་རྣམ་པས་སློབ་ཚན་རེ་རེའི་མཇུག་གི་སྦྱང་ཚན་ལེགས་པོར་བསྒྲུབས་པ་དང༌། དཔེ་མཚོན་ལྡན་ལ་འབྲིང་རྒྱུགས་ཀྱི་ཁ་ཕྱོགས་དང་མཐུན་པའི་ཚོད་ལྟའི་རྒྱུགས་ཆུང་བཞི་ཙམ་བླངས་ནས་མ་འོངས་འབྲིང་རྒྱུགས་ལ་རྨང་གཞི་བརྟན་པོ་འཇོག་་པ་དང་སློབ་མ་སྤྱི་རྩིས་ཚན་ལ་འཇུག་སྤྲོ་བའི་དགའ་སྣང་བསྐྱེད་པ།
མཇུག་མཐར་འགོ་གཙོས་ཐེངས་འདིའི་ཚོགས་འདུ་བརྒྱུད་དེ་རེ་བ་དང་འཆར་གཞི་བཀོད་པའི་ནང་དོན་ལྟར་ནན་ཏན་དང་གཟབ་གཟབ་སྒོས་བྱ་བ་ལག་ལེན་མཐའ་འཁྱོལ་བྱས་ནས་འབྲས་བུ་མངོན་སུམ་དུ་ལེན་པའི་ཆོད་སེམས་ལྡན་དགོས་ཞེས་རེ་བ་ཡང་ཡང་བཏོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com