ཉང་བྲན་རྟགས་མའི་ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་སྐབས་གཉིས་པའི་སྙན་ངག་གྱེར་འདོན་འགྲན་ཚོགས།

རྩོམ་པ་པོ།:གཡུལ་རྒྱལ། ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2011-09-26 09:35:00 ཀློག་གྲངས།:


འགྲན་ཞུགས་པས་སྙན་ངག་དབྱངས་སུ་གྱེར་བཞིན་པ།

  ཟླ9པའི་ཚེས25ཉིན《བོད་ཀྱི་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་ཁང་དང་ལྷ་ས་ལམ་བཟང་སློབ་གྲྭའི་ས་དམར་གྲགས་པ་ལགས་གཉིས་ཀྱིས་གཙོ་གཉེར་བྱས་པའི་ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་སྐབས་གཉིས་པའི་སྙན་ངག་གྱེར་འདོན་ཏེ་ཉང་བྲན་ཞེས་པ་སྤྲོ་སྐྱིད་གླིང་དུ་ཚོགས་ཤིང་།   སྙན་ངག་གྱེར་འདོན་འདིའི་སྐབས་དང་པོའི་འགྲན་ཚོགས་ནི་སྤྱི་ལོ2010ལོར་བོད་ལྗོངས་ལམ་བཟང་སྐད་ཡིག་སློབ་གྲྭ་དང་དགེ་འོས་སློབ་གྲྭ་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་ཡིན་ལ།   སྐབས་དེར་ལམ་བཟང་རྟགས་མ་ཞེས་ཟེར་ཞིང་།   ཡིན་ན་ཡང་ད་ལོ་ནི་འབྱོར་བ་དང་ཚོགས་རའི་ས་གནས་སོགས་ཀྱི་རྐྱེན་ལ་གཞིགས་ནས་ལོ་རེ་བཞིན་འགྱུར་བ་བྱུང་སྟེ་ཐེངས་འདིར་ཉང་བྲན་རྟགས་མ་ཞེས་འབོད།
  དང་ཐོག་ལེ་ཚན་གཙོ་གཉེར་པ་རྣམ་གཉིས་ཀྱིས་གྲེ་བ་བདེ་བའི་འགྱུར་ཁུག་ཁྲོད་ནས། དེ་རིང་ཉང་བྲན་གྱི་དུས་ཚོད་ལ་དུས་ཚོད་མ་ཟེར་ཏེ།   སྙན་ངག་ཟེར།   ཞེས་འགོ་ཚུགས་ཀྱི་དབྱངས་རྟ་སྙན་མོ་ཞིག་སྒྲོགས་ཤིང་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འཇིགས་མེད་ཕུན་རྒྱལ་ལགས་ཀྱིས་སྙན་ངག་གྱེར་འདོན་དངོས་སུ་འགོ་རྩོམ་པའི་གཏམ་བཤད་གནང་བ་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་དབུ་འཛིན་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་སྙན་ངག་གྱེར་འདོན་ཁྲོད་གཏམ་བཤད་གནང་།


སྙན་ངག་གྱེར་འདོན་བྱེད་བཞིན་པའི་སྐབས་ཀྱི་ཚོགས་རའི་ཟུར་ཞིག

  ལེ་ཚན་གཙོ་གཉེར་པས་མུ་མཐུད་དུ་ཐེངས་འདིའི་སྙན་ངག་གྱེར་འདོན་གྱི་དཔྱད་འདེམས་མི་སྣ་ངོ་སྤྲོད་བྱས་ཤིང་། དཔྱད་འདེམས་མི་སྣའི་ཁོངས་སུ་བོད་ཀྱི་རྩོམ་རིག་ཞིབ་འཇུག་པ་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ལྷག་པ་ཆོས་འཕེལ་ལགས་དང་།   བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྒྲིག་པ་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་བསྟན་པ་ཡར་རྒྱས་ལགས།   བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྨྲེང་བུ་ལགས།   བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ན་རོ་ལགས།   བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྒྲིག་པའམ་བོད་ཀྱི་སྐྱེས་མ་སྙན་ངག་པ་དཔལ་ལྷ་ལགས། བོད་ལྗོངས་སློབ་གསོ་ཐིང་གི་བོད་ལྗོངས་སློབ་གསོའི་རྩོམ་སྒྲིག་པ་རིག་འཛིན་གྲགས་ལྡན་བཅས་ཕེབས་ཡོད།
  ད་དུང་ཐེངས་འདིར་གདན་ཞུས་སྐུ་མགྲོན་གྱི་གྲས་སུ་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་འཇིགས་མེད་ཕུན་རྒྱལ་ལགས་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་དབུ་འཛིན་པ་དོན་གྲུབ་རྡོ་རྗེ་ལགས།   དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་སྤྱི་ཁྱབ་དབུ་འཛིན་པ་འགྲོ་འདུལ་རྡོ་རྗེ་ལགས།    ལྷ་ས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་དཔལ་འབྱོར་ལགས།   ལྷ་ས་སློབ་འབྲིང་གི་དགེ་རྒན་དཔལ་ལྡན་ལགས།   བོད་ལྗོངས་སྨན་རྩིས་ཁང་གི་བོད་སྨན་ཞིབ་འཇུག་པ་སྐལ་བཟང་སྐྱབས་ལགས།   བོད་ཀྱི་ན་གཞོན་རྩོམ་པ་པོ་དཔྱི་ས་དཔལ་བཟང་ལགས།   རྩོམ་པ་པོ་མོན་སྡེ་བྱ་ཁུ་ལོ་ལགས།   བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སྒྲོན་མེ་ལེན་ཚན་གྱི་གཙོ་སྐྱོང་མཁན་དང་རྩོམ་པ་པོ་ཁྱུང་པོ་ཚེ་རིང་དཔལ་རྒྱལ་ལགས། ལྷ་ས་ཆོས་གྲོགས་དྲ་བའི་དོ་དམ་པ་གཡུལ་རྒྱལ་སོགས་ཕེབས་ཡོད་ལ་བསྡོམས་པས་དགེ་རྒན་དང་སློབ་མ་བརྒྱད་བཅུ་ལྷག་ཡོད།


བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འཇིགས་མེད་ཕུན་རྒྱལ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

 བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྨྲེང་བུ་ལགས་ཀྱིས་དཔྱད་བརྗོད་སྤེལ་བཞིན་པ།

  གྱེར་འདོན་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་མ་རྣམས་ཀྱི་འགྲན་བསྡུར་སྐར་གྲངས་གཅིག་ལས་གཅིག་མཐོ་ཞིང་།  སློབ་མ་འགའ་ཞིག་གི་སྐར་གྲངས་གཅིག་མཚུངས་ཡིན་པས་རྒྱལ་ཕམ་གྱི་འགྲན་རྩོད་ཁྲོད་ཚ་ཚ་འུར་འུར་ངང་ཆེས་མཐོ་བའི་སྐར་གྲངས་ལ་བརྩོན་ལེན་བྱེད་བཞིན་འདུག
  བོད་ཀྱི་རིག་རྩལ་ལྷན་ཚོགས་ཀྱིས་ས་དམར་གྲགས་པ་ལགས་ལ་བོད་ཀྱི་དེང་རབས་ན་གཞོན་རྩོམ་པ་པོའི་མཚན་བྱང་གི་རྟགས་མ་གནང་།  སློབ་མ་རྣམས་ཀྱིས་གྱེར་འདོན་བྱས་ཟིན་རྗེས་དཔྱད་འདེམས་པ་བསྟན་པ་ཡར་རྒྱས་ལགས་ཀྱིས་ཐེངས་འདིའི་སྙན་ངག་གྱེར་འདོན་གྱི་དཔྱད་འདེམས་པའི་ཚབ་བྱས་ཏེ་གཏམ་བཤད་གནང་བ་དང་། དགེ་རྒན་སྨྲེང་བུ་ལགས་ཀྱིས་དགེ་ཆོས་སྐུ་གཤེགས་ནས་ལོ་དྲུག་བཅུ་འཁོར་བའི་རྗེས་དྲན་གྱི་གཏམ་བཤད་གནང་བ་མ་ཟད་བོད་ལྫོངས་སློབ་ཆེན་གྱི་སློབ་མ་དོན་ཡོད་ལགས་ཀྱིས་འཇུ་སྐལ་བཟང་ལགས་ཀྱི་སྙན་ངག《དགེ་འདུན་ཆོས་འཕེལ》ཞེས་པ་གྱེར་འདོན་བྱས་ཏེ་ཉང་བྲན་རྟགས་མའི་སྙན་ངག་གྱེར་འདོན་ཁྲོད་དུ་དགེ་ཆོས་ལ་རྗེས་དྲན་བྱས།


བྱ་དགའ་ཨང་རིམ་དང་པོ་ཐོབ་མཁན་ལ་བྱ་དགའ་གནང་།

བྱ་དགའ་ཨང་རིམ་གསུམ་པ་ཐོབ་མཁན་ལ་བྱ་དགའ་གནང་བ།
བོད་ཀྱི་རིག་རྩལ་ལྷན་ཚོགས་ཀྱིས་ས་དམར་གྲགས་པ་ལགས་ལ་བོད་ཀྱི་དེང་རབས་
ན་གཞོན་རྩོམ་པ་པོའི་མཚན་བྱང་གི་རྟགས་མ་གནང་བ། 

  མཇུག་ཏུ་ས་དམར་གྲགས་པས་ཐེངས་འདིའི་སྙན་ངག་གྱེར་འདོན་གྱི་ལས་ལ་འབད་བཞིན་པའི་མི་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་དང་། ན་གཞོན་རྣམས་ལ་ཆོལ་ཁ་ཕྱོགས་རིས་མི་བྱེད་པའི་རེ་ཞུ་ཕུལ་བ་དང་བཅས་ཐེངས་འདིའི་ཉང་བྲན་སྙན་ངག་གྱེར་འདོན་འགྲན་ཚོགས་བདེ་བླག་ངང་མཇུག་སྒྲིལ་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།