གྲོ་ཚང་དོན་གྲུབ་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནས་རིག་གཞུང་འཆད་ཁྲིད་བྱས་པ།
གྲོ་ཚང་དོན་གྲུབ་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནས་རིག་གཞུང་འཆད་ཁྲིད་བྱེད་བཞིན་པ།
སྤྱི་ཟླ10པའི་ཚེས12ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རིག་གཞུང་སྙན་ཞུ་ཚོགས་ཆེན་ནས་འབུམ་རམས་པ་དང་། ཡོན་ཀྲང་གཞོན་པ་དོན་གྲུབ་ལགས་ཀྱིས《པོ་ལེ་ཡ་ཐུག་བོད་སྨན་མཁས་པའི་ཁྱིམ་རྒྱུད་ཅིག་གིས་བོད་ཀྱི་གསོ་བ་རིག་པ་འཛམ་གླིང་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་ཁྱབ་སྤེལ་མཛད་པའི་ལོ་རྒྱུས》ཞེས་པའི་རིག་གཞུང་སྙན་ཞུ་ཞིག་གནང་ཞིང་། སྨན་ཁང་དེ་གའི་ལས་བཟོ་བ་དང་། བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་། དེ་མིན་མཚོ་སྔོན་བོད་ཀྱི་གསོ་རིག་རྟེན་མཛོད་ཁང་། པེ་ཅིང་བོད་སྨན་ཁང་བཅས་ནས་ཡོང་བའི་ཁྱོན་བསྡོམས་མི་སྣ་བརྒྱ་ཕྲག་ལྷག་འདུས་ཡོད་པ་རེད།
ཁོས་འཆད་ཁྲིད་བྱས་པའི་རིག་གཞུང་ཞིབ་འཇུག་གི་སྙན་ཞུ་ལ་ནང་དོན་བཞི་འདུས་ཡོད་དེ། དང་པོ་སྔོན་འགྲོའི་སྐོར་དང་། གཉིས་པ་དུས་རབས་བཅུ་བདུན་པ་ནས་བཅུ་དགུ་པའི་བར་བོད་ཀྱི་གསོ་བ་རིག་པ་དེ་ཨུ་རུ་སུའི་པོ་ལེ་ཡ་ཐུག་ས་ཁུལ་དུ་ཁྱབ་སྤེལ་དུ་སོང་བའི་སྐོར། གསུམ་པ་དུས་རབས་བཅུ་དགུ་པའི་དཀྱིལ་ནས་བཟུང་པོ་ལེ་ཡ་ཐུག་ས་ཁུལ་གྱི་བོད་ཀྱི་གསོ་རིག་མཁས་པ་པད་མ་ཚུལ་ཁྲིམས་ཀྱི་གཏམ་རྒྱུད་ནས་འགོ་བརྩམས་ཏེ། བོད་ཀྱི་གསོ་རིག་དེ་ཨུ་རུ་སུའི་ཧྲན་པོ་དེ་པོ་ས་ཁུལ་དང་། དེའི་རྗེས་ནས་ལོ་ཟླ་མང་པོའི་རིང་ནུབ་ཕྱོགས་རྒྱལ་ཁབ་དུ་ཁྱབ་སྤེལ་དུ་འགྲོ་བའི་དབུ་བརྩམས་ཏེ་པོ་ལན་དང་། རུའེ་ཧྲི། དེ་ནས་མེ་གླིང་བྱང་མ་བཅས་སུ་དར་ཁྱབ་བྱུང་བའི་བརྒྱུད་རིམ་ཞིབ་བརྗོད་གནང་བ་དང་། བཞི་པ་པད་མ་ཚུལ་ཁྲིམས་ཀྱི་ཁྱིམ་རྒྱུད་ཀྱིས་བོད་ཀྱི་གསོ་རིག་ལ་བཞག་པའི་མཛད་རྗེས་སྐོར་ནས་ཞིབ་བརྗོད་བྱས་པ་རེད།
རིག་གཞུང་འཆད་ཁྲིད་ལ་ཉན་བཞིན་པའི་ཟུར་ཞིག
ཐེངས་འདིའི་རིག་གཞུང་འཆད་ཁྲིད་བརྒྱུད་དེ་ཉན་མཁན་ཡོངས་ལ་བོད་ཀྱི་གསོ་བ་རིག་པར་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་བརྟན་པ་དང་། མཚར་སྡུག་ལྡན་པ་བཅས་ཀྱི་ངོས་ཟིན་ཟབ་མོ་བཞག་ཡོད་པ་མ་ཟད། མཇུག་མཐར་བོད་སྨན་ཁང་གི་ལས་བཟོ་པ་ཞིག་གིས་བཤད་རྒྱུར། ཐེངས་འདིའི་འཆད་ཁྲིད་བརྒྱུད་དེ་ང་རང་ངོས་ལ་ངོས་ཟིན་ཟབ་མོ་བཞི་བྱུང་ཡོད་དེ། གཅིག་ནས་ངའི་བསམ་པར་བོད་ཀྱི་གསོ་རིག་གི་ཁྱབ་སྤེལ་བྱུང་ས་གཙོ་བོ་ནི་ང་ཚོ་འཚོ་སྡོད་བྱེད་སའི་མདོ་དབུས་མཐོ་གཞོངས་དང་། ཀྲུང་གོ་ནང་ཁུལ་བཅས་ཡིན་པར་འདོད་པ་དང་། ཐེངས་འདིའི་རིག་གཞུང་སྙན་ཞུ་བརྒྱུད་དེ་རྫོང་མཐུག་པའི་ཡིག་ཚགས་ཀྱི་ལུང་ཁུངས་དང་། ཕུན་སུམ་ཚོགས་པའི་འདྲ་རིས་བཅས་འགྲེམ་སྟོན་བྱེད་པ་ལས་ལོ་ངོ་བརྒྱ་ལྷག་གི་སྔོན་བོད་ཀྱི་གསོ་བ་རིག་པ་དེ་ཨུ་རུ་སུའི་རྒྱལ་ཁབ་ནས་ཡོ་རབ་གླིང་ས་ཁུལ་དུ་ཁྱབ་བརྡལ་དུ་སོང་བ་སོགས་ང་ཚོ་ལ་བློ་སྒོ་གསར་བ་ཞིག་ཕྱེ་ཞིང་། དེ་དང་ཆབས་ཅིག་ཏུ་བོད་ཀྱི་གསོ་རིག་དེ་ནད་ཐོག་ལག་ལེན་ལས་གཞན་ད་དུང་གསོ་རིག་ལོ་རྒྱུས་ཀྱི་ཕྱོགས་སུའང་འབད་དགོས་པའི་བློ་སྤོབས་ཞིག་སྐྱེས་པ་དང་། གཉིས་ནས་དུས་རབས་བཅུ་དགུ་པའི་མཇུག་ཏུ་ནུབ་གླིང་གི་གསོ་རིག་དེ་འཛམ་གླིང་ཡོངས་ནས་འཕེལ་བའི་དབུ་བརྙེས་པ་དང་མཉམ་དུ་སྲོལ་རྒྱུན་གསོ་རིག་དག་མཉམ་གནས་བྱེད་དུས་འདིར། བོད་ཀྱི་གསོ་རིག་འདི་ཡོ་རབ་རྒྱལ་ཁབ་ནས་རྩ་བ་ཚུགས་པ་དེས་བོད་ཀྱི་གསོ་རིག་གི་ཚན་རིག་རང་བཞིན་ལ་དོན་དངོས་ཀྱིས་བདེན་དཔུང་བྱུང་བ་དང་། ན་གཞོན་དག་གིས་བོད་ཀྱི་གསོ་རིག་གི་ལས་དོན་ལ་ཕྱོགས་ཡོངས་ནས་བསམ་གཞིགས་དང་ཞིབ་འཇུག སློབ་སྦྱོང་བཅས་བྱས་ཏེ། བོད་ཀྱི་གསོ་རིག་དང་བོད་སྨན་གྱི་ཐོན་ཁུངས་སྔོག་འདོན་སྒོས་བོད་ཀྱི་གསོ་རིག་དེ་རྒྱལ་སྤྱི་ནས་ཁས་ལེན་པའི་སྲོལ་རྒྱུན་གསོ་རིག་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་པ། གསུམ་ནས་བོད་སྨན་པད་མ་ཉེར་བརྒྱད་ཡོ་རབ་གླིང་གི་སྨན་སྦྱོར་ཤོག་བྱང་མཁོ་བའི་སྨན་གྱི་ཚོང་རའི་གྲས་སུ་ཚུད་པ་དེས་བོད་སྨན་གྱི་བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན་མཚོན་ཐུབ་པ་དང་། ང་ཚོས་ཀྱང་རྗེས་ཕྱོགས་ཀྱི་སྨན་སྦྱོར་ཁྲོད་དུ་བོད་སྨན་གྱི་སྡེབ་ཁ་དང་སྡེབ་སྦྱོར་གྱི་ལག་རྩལ་ལ་མཉམ་འཇོག་བྱས་ཏེ་བོད་སྨན་གྱི་རྒྱུ་ཆའི་སྤུས་ཚད་དང་ཕན་ནུས་ལ་ཁག་ཐེག་བྱ་དགོས་པར་འདོད་པ་དང་། བཞི་ནས་ཕྱི་རྒྱལ་ནས་བྱུང་བའི་བོད་ཀྱི་གསོ་རིག་གི་ཡིག་ཆ་དང་རིག་གཞུང་ཞིབ་འཇུག་གི་དཔྱད་རྩོམ་བཅས་ལ་རྒྱུས་ལོན་བྱུང་སྟེ་ང་ཚོས་ཕྱིའི་སྐད་ཡིག་ཁག་ཅིག་ལ་སློབ་སྦྱོང་བྱས་ཏེ་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གི་རྣམ་པ་ལ་རྒྱུས་ལོན་བྱེད་ཐུབ་པ་དང་མཉམ་དུ་རྒྱལ་ཁབ་གཞན་དག་གི་སྔོན་ཐོན་རིག་གནས་ལ་སློབ་སྦྱོང་བྱས་ཏེ་བོད་ཀྱི་གསོ་རིག་གི་འཕེལ་རྒྱས་ལ་རམ་འདེགས་བྱ་དགོས་པ་རེད་ཅེས་བཤད་པ་རེད།
མ་འདུས་ངང་གིས་འདུས་པའི་ཕྱོགས་ཡོངས་ཀྱི་སྐུ་མགྲོན་སྐོར་ཞིག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com