རྒྱལ་ཁབ་ཀྱི་པར་སྐྲུན་ལས་གཞི་གཙོ་བོ་སྟེ《བོད་ཡིག་ཚིག་མཛོད་ཆེན་མོར》ལོ་གསུམ་ནང་གྲུབ་འབྲས་མངོན་སུམ་ཐོན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-07 10:39:00 ཀློག་གྲངས།:
  ཟླ11བའི་ཚེས5ཉིན་པེ་ཅིང་ནས་ཚོགས་པའི《བོད་ཡིག་ཚིག་མཛོད་ཆེན་མོའི》རྩོམ་སྒྲིག་ཚོགས་འདུ་གཉིས་པའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2008ལོར《བོད་ཡིག་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་བྱེད་འགོ་བརྩམས་པ་ནས་བཟུང་ཐ་སྙད་འདེམ་སྒྲིག་དང་དཔེ་མཚོན་ཐ་སྙད་ཚོད་འགོད་བྱེད་པ་སོགས་ཀྱི་ཐད་ལ་གྲུབ་འབྲས་ཆེན་པོ་ཐོན་པ་དང་། རིག་ཚན་ཀུན་འདུས་ཀྱི་ཐ་སྙད་སྒྱུར་སྒྲིག་བྱེད་པའི་བྱ་བའང་རྒྱ་ཆེན་པོར་སྤེལ།
  《བོད་ཡིག་ཚིག་མཛོད་ཆེན་མོའི》ལས་གཞིའི་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན་མིག་སྔར་འཚོལ་སྡུད་དང་དཔེ་མཚོན་ཐ་སྙད་ཀྱི་མིང་འགོ་སྒྲིག་བཞིན་པ101100ཡོད་པ་དང་། དེས་འཆར་བཀོད་ལྟར་བསྡུ་ཉར་བྱས་པའི་མིང་འགོའི་ཐ་སྙད་ཀྱི67.7%ཟིན་ཡོད། 《ཚིག་གྲུབ》དང་། 《གཞུང་ཡིག་ཡིག་ཚགས》《རྩོམ་རིག》《གེ་སར》སོགས་ཀྱི་ཐ་སྙད་བསྡུ་ཉར་དང་། རིགས་དགར། དཔེ་མཚོན་ཐ་སྙད་འབྲི་བཀོད་བཅས་ལེགས་འགྲུབ་བྱུང་། བོད་ལུགས་གསོ་རིག་དང་། མངོན་བརྗོད། ནང་དོན་རིག་པ་སོགས་ཀྱི་ཐ་སྙད་བསྡུ་ཉར་བྱས་ཚར་ནས་རིག་ཚན་གྱི་གྲུབ་སྟངས་ལྟར་རིགས་དགར་བཞིན་ཡོད་ལ། ཞང་ཞུང་རིག་གནས་དང་ནང་དོན་རིག་པའི་སྔགས་རྒྱུད་ཀྱི་ཚན་པ་དང་། དེ་མིན་སྐར་རྩིས་ཀྱི་ཐ་སྙད་སྡུད་ཉར་བྱེད་པའི་བྱ་བའང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅེས་ཟེར། 
  དེའི་མཚུངས་སུ་རིག་ཚན་ཀུན་འདུས་ཐ་སྙད་སྒྱུར་སྒྲིག་བྱེད་པའི་བྱ་བ་ཡོངས་སུ་སྤེལ་ཞིང་། དེ་ལས་ཆབ་སྲིད་དང་། རྩིས་ཚན། སྐད་བརྡ་རིག་པ། ཆ་འཕྲིན་ལག་རྩལ། ཞིང་ལས། རྩོམ་རིག་སོགས་ཀྱི་ཐ་སྙད་སྒྱུར་སྒྲིག་བྱས་ཚར་པ་མ་ཟད། རིག་ཚན་གཞན་པའི་སྒྱུར་སྒྲིག་བྱ་བའང་སྤེལ་བཞིན་པའི་སྒང་ཡིན་པ་རེད།
  1978ལོར་རྒྱལ་ཁབ་ཀྱིས་ཆེད་མཁས་པ་བཅུ་ལྷག་རྩ་འཛུགས་བྱས་ཏེ་ལོ་ངོ་བརྒྱད་ཀྱི་རིང་ཐ་སྙད་ཁྲི5.3ལྷག་ཡོད་པའི《བོད་རྒྱ་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་པར་སྐྲུན་བྱས། འདི་ནི་མིག་སྔའི་བར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་འགྲེལ་བའི་ཚིག་མཛོད་ཅུང་ཆ་ཚང་བ་ཞིག་ཡིན་མོད་ཀྱང་། བོད་དམངས་རྣམས་ཀྱི་བསམ་པའི་དཔལ་ཡོན་གྱི་མཁོ་འདོད་ཇེ་དྲག་ཏུ་སོང་བ་དང་བསྟུན་ནས། མི་རིགས་རིག་གནས་འཛིན་སྤེལ་གྱི་རེ་མོས་ཇེ་མཐོ་དང་རིག་གནས་བརྗེ་རེས་ཀྱི་འདོད་བློ་ཇེ་དྲག་ཏུ་ཕྱིན་པས། ཚིག་མཛོད་གསར་བ་ཞིག་རྩོམ་སྒྲིག་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།
  རྒྱུས་ལོན་པ་ལྟར་ན་ད་ལྟ་རྩོམ་སྒྲིག་བྱེད་བཞིན་པའི《བོད་ཡིག་ཚིག་མཛོད་ཆེན་མོ》དེ2007ལོར་རྒྱལ་ཁབ་ཀྱི་པར་སྐྲུན་ལས་གཞི་གཙོ་བོར་བཞག་པ་དང་། འཆར་བཀོད་ལྟར་བསྡུ་ཉར་བྱེད་པའི་ཐ་སྙད་ཁྲི15དང་ཡིག་འབྲུ་ཁྲི2500ཡོད་ལ། འདི་ནི་ཚིག་གྲུབ་དང་རིག་ཚན་ཀུན་འདུས་ཀྱི་ཚིག་མཛོད་ཆེན་མོ་ཞིག་ཡིན་པ་རེད། དེར་མ་ཟད《ཚིག་གཏེར》གྱི་རྩོམ་སྒྲིག་ལ་དཔེར་བྱས་ནས་དེབ་ལག30རུ་དགར་བ་ལས་གཞན་ཞར་བཀོད་ཞིག་ཀྱང་རྩོམ་སྒྲིག་བྱ་རྒྱུ་རེད། འཆར་གཞི་ལྟར་ན་དེབ་ལག་གི་རྩོམ་སྒྲིག2013ལོའི་ལོ་མཇུག་སྔོན་དུ་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་དང་། དེབ་ཡོངས་ཀྱི་རྩོམ་སྒྲིག་དང་པར་སྐྲུན་བྱེད་པ་དེ2015ལོའི་ལོ་མཇུག་སྔོན་དུ་ལེགས་འགྲུབ་འབྱུང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།