བོད་ཀྱི་རྩོམ་པ་པོ་ལྔ་ལ་མཚོ་སྔོན་རྩོམ་རིག་བྱ་དགའ་དང་མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་ཐོབ་པ།
ཟླ11པའི་ཚེས18ཉིན། སྐབས་དང་པོའི་མཚོ་སྔོན་རྩོམ་རིག་བྱ་དགའ་དང་སྐབས་ལྔ་བའི་མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་ཐོབ་མཁན་རྣམས་ལ་བྱ་དགའ་གནང་བའི་མཛད་སྒོ་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་འགོ་གཙོ་ཅི་ཏེ་མཱ་ཀྱཱ་དང་། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་རིག་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་དང་། རྒྱལ་ཡོངས《གེ་སར་སྒྲུང་གཏམ》བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་མི། མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང་གཏམ》བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ། 《མི་རིགས་རྩོམ་རིག》རྩོམ་སྒྲིག་ཨུ་ཡོན་སྐལ་བཟང་རྡོ་རྗེ་སོགས་ཐེངས་འདིའི་མཛད་སྒོ་ལ་ཞུགས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་རྩོམ་རིག་བྱ་དགའ་ནི་མཚོ་སྔོན་ཞིང་ཆེན་རྩོམ་རིག་གསར་རྩོམ་ཆེད་ལས་རང་བཞིན་གྱི་ཆེས་མཐོའི་བྱ་དགའ་ཞིག་ཡིན་ཏེ། ཞིང་ཨུ་དྲིལ་བསྒྲགས་པུའུ་ཡིས་ཆོག་མཆན་གནང་བའི་ཞིང་ཆེན་རིམ་པའི་བྱ་དགའ་ཡིན་པ་དང་། ན་གཞོན་རྩོམ་རིག་བྱ་དགའ་ནི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་གསར་རྩོམ་མི་སྣ་ཡར་སྐུལ་དང་ས་གནས་རིག་གནས་གསོ་སྤེལ་བྱེད་ཅིང་། རྩོམ་རིག་ལས་རིགས་དང་རྩོམ་རིག་གསར་རྩོམ་གཞིར་བཞག་སྒོས་མཚོ་སྔོན་དང་རྒྱལ་ཁབ་ཀྱི་རིག་གནས་ཉམས་མེད་གོང་འཕེལ་དུ་གཏོང་བར་གསར་བཙུགས་ཀྱི་བྱ་དགའ་ཞིག་ཡིན།
བྱ་དགའ་གནང་བའི་མཛད་སྒོའི་སྟེང་། ཅི་ཏེ་མཱ་ཀྱཱ་ཡིས་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་ཡོངས་ལ་རྟེན་འབྲེལ་ཞུས་ཤིང་། མཚོ་སྔོན་གྱི་རྩོམ་རིག་གསར་རྩོམ་བྱེད་མཁན་རྣམས་ས་གནས་ནས་རྐང་འཛུགས་པ་དང་། རིག་གནས་སྟོབས་ལྡན་དང་རིག་གནས་རང་རློམ་གྱི་རྣམ་པ་མཐོར་འདེགས་བྱེད་ཅིང་། མི་དམངས་དཀྱིལ་སྙིང་དུ་བཟུང་སྟེ་གསར་རྩོམ་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། རྩོམ་རིག་གཞིས་ཁྱིམ་དམིགས་སུ་བཟུང་ནས་རྩོམ་རིག་གི་རྨི་ལམ་མངོན་འགྱུར་བྱེད་པ། དུས་རབས་ཀྱི་དཔང་བོའི་གཟི་བྱིན་སྩོལ་ཞིང་རྩོམ་པ་པོའི་བྱམས་སྙིང་རྗེ་དང་བསམ་བློ་ཀུན་སྤྱོད་ཀྱི་ནུས་ཤུགས་ཟུང་དུ་སྦྲེལ་ནས་དུས་རབས་དང་མི་དམངས་ལ་ཆེས་ལེགས་པའི་བརྩམས་ཆོས་རྩོམ་པ་བཅས་བྱས་ནས་མཚོ་སྔོན་གྱི་རྩོམ་རིག་ཕུན་སུམ་ཇེ་ཚོགས་ངང་འཕེལ་རྒྱས་བྱེད་ཅིང་། མཚོ་སྔོན་རྩོམ་རིག་འདི་ཉིད་ཀྲུང་གོའི་དེང་རབས་རྩོམ་རིག་གི་སྒྲིག་གཞིའི་ཁྲོད་ཆེས་གལ་ཆེ་བའི་གོ་གནས་ཟིན་པ་དང་། ཕྱུག་འགྱུར་དཔལ་ཡོན་འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྲོག་གི་དབང་བོས་ཕྱུག་པར་རེ་བ་བཏོན།
སྐབས་དང་པོའི་མཚོ་སྔོན་རྩོམ་རིག་བྱ་དགའ་དང་སྐབས་ལྔ་བའི་མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རྩོམ་པ་པོ་ལྔ་སྟེ་རྡོ་རྗེ་ཚེ་བརྟན་གྱི་སྒྲུང་རིང《བྱང་ཆུབ་ཀྱི་རྨི་ལམ》ལ་མཚོ་སྔོན་ཞིང་ཆེན་སྐབས་དང་པོའི་རྩོམ་རིག་བྱ་དགའི་ཁྱད་འཕགས་མཛད་རྗེས་བྱ་དགའ་ཐོབ་པ་དང། ཚེ་བརྟན་གྱི་སྒྲུང་འབྲིང་དཔེ་ཚོགས《བྱང་ཆུབ》དང་འཇམ་དབྱངས་ཚེ་རིང་གི་སྒྲུང་རིང《ཁམས་པའི་རྣམ་པ》། འཇུ་སྐལ་བཟང་གི་སྙན་ངག་དཔེ་ཚོགས《གངས་གྲོང་གི་རླུང་བུ》བཅས་ལ་མཚོ་སྔོན་ཞིང་ཆེན་སྐབས་དང་པོའི་རྩོམ་རིག་བྱ་དགའ་ཐོབ། ཚེ་རིང་བཀྲ་ཤིས་ཀྱི་སྙན་ངག་དཔེ་ཚོགས《གླིང་བུའི་འགྱུར་ཁུག》ཞེས་པར་མཚོ་སྔོན་ཞིང་ཆེན་སྐབས་ལྔ་བའི་ན་གཞོན་རྩོམ་རིག་གི་བྱ་དགའ་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com