ལྷ་ས་སློབ་འབྲིང་ལྔ་པས་དཔལ་དོན་གྲུབ་རྒྱལ་ལགས་ལ་རྗེས་དྲན་ཞུ་བའི་མཛད་སྒོ་ཚོགས་པ།
བོད་ཡིག་དགེ་རྒན་དོན་གྲུབ་ལགས་ཀྱིས་གཙོ་སྐྱོང་གནང་བཞིན་པ།
སྤྱི་ཟླ11པའི་ཚེས30ཉིན། ལྷ་ས་སློབ་འབྲིང་ལྔ་པའི་ཕྱོགས་བསྡུས་ཚོགས་རྭ་རུ་སྐབས་དང་པོའི་དཔལ་དོན་གྲུབ་རྒྱལ་ལགས་ལ་རྗེས་དྲན་ཞུ་བའི་སྙན་ངག་གྱེར་ཀློག་གི་འགྲན་ཚོགས་རྒྱས་འཛོམས་ཤིག་ཚོགས་པ་ནི་སློབ་འབྲིང་འདིའི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་ཡིན་ལ། ན་གཞོན་སློབ་མ་ཚོའི་སང་ཉིན་གྱི་འབད་པའི་ཁ་ཕྱོགས་དང་མ་འོངས་པའི་དམིགས་འབེན་ཞིག་ཏུ་གྲུབ།
སློབ་སྤྱི་ཡའོ་ཡིས་སྐུལ་མ་དང་ཤིས་ཚིག་གནང་བ།
སྐབས་འདིའི་བྱེད་སྒོ་ནི་མཐོ་འབྲིང་སློབ་མ་གཉིས་དང་བོད་ཡིག་དགེ་རྒན་དོན་གྲུབ་ལགས་ཀྱིས་གཙོ་སྐྱོང་གནང་བ་ཡིན་ཞིང་ཚོགས་ཞུགས་ལ་སློབ་མ་དང་བོད་ཡིག་ཚན་ཁག་གི་དགེ་རྒན་དང་བོད་ལྗོངས་སློབ་ཆེན་གྱི་དངོས་སྦྱོང་སློབ་མ་བཅས་ཁྱོན་མི་ཟླ200ཙམ་ལས་གྲུབ་ལ་མཛད་སྒོའི་ཐོག་འདི་གའི་སློབ་སྤྱི་ཡའོ་ལགས་ཀྱིས་ཡར་སྐུལ་གྱི་ཤིས་ཚིག་བསྒྲོན་པ་རེད།
གཞན་ཡང་། བྱེད་སྒོ་འདིར་བོད་རིགས་སློབ་མ་ཚོས་ཚ་ཚ་འུར་འུར་དུ་ཞུགས་ཡོད་པ་ཙམ་མ་ཟད། རྒྱ་རིགས་སློབ་མ་གཉིས་ཀྱིས་ཀྱང་བོད་མི་རིགས་ཀྱི་རིག་གནས་ལ་དགའ་ཞེན་དང་བརྩི་འཇོག་མཚོན་ཕྱིར་བོད་ཡིག་གི་ལམ་ནས་རང་སེམས་ཀྱི་བརྩེ་བ་མཚོན་པའི་སྙན་ངག་རེ་འཁྱར་འཁྱོར་གྱི་གྱེར་ཀློག་ལ་རོལ་བྱུང་བ་ནི་དེ་བས་དམིགས་བསལ་དང་བོད་ཕྲུག་ཚོ་ལ་ངར་སློང་གི་རྒྱུ་ཞིག་ཏུ་གྲུབ།
དམའ་འབྲིང་སློབ་མས་གྱེར་ཀློག་བྱེད་བཞིན་པ།
ལོ་རྒྱུས་བརྗེད་པ་ནི་ངོ་ལོག་བརྒྱབ་པ་དང་མཚུངས་ཟེར་བ་ཡིན་པས་སློབ་འབྲིང་ལྔ་པའི་སློབ་མ་འདི་དག་གིས་ད་ལྟ་སློབ་གྲྭའི་ཁོར་ཡུག་འདི་ན་རང་མེས་པོའི་མཛད་རྗེས་དྲན་པ་དང་རང་མི་རིགས་ཀྱི་སྔོན་བྱོན་དམ་པ་དག་ལ་དྲན་གསོ་བྱེད་ཀྱིན་མེས་པོའི་བཀའ་དྲིན་མི་བརྗེད་སྙིང་ལ་བཅངས་པའི་ཡ་རབས་སྲོལ་བཟང་ཞིག་གི་མགོ་བོ་བསྐྱངས་བྱུང་བ་ནི་དགའ་ཞིང་བསྟོད་པའི་གནས་སུ་འོས་ལགས།
ཚོགས་རའི་ཟུར་ཆ།
སྐབས་འདིའི་བྱེད་སྒོ་ལ་སློབ་སྤྱི་སྒེ་ཡིང་གིས་བསྔགས་བསྟོད་དང་སྐུལ་མ་ཚད་མེད་གནང་ཞིང་བྱ་དགའི་ཁ་གཏད་གང་མང་བདམས་ཏེ་སློབ་གྲྭ་ནས་འབྲེལ་ཡོད་ཁྲེང་ཀོན་ཆུས་ཀྱི་དབུ་ཁྲིད་ཀྱང་གདན་འདྲེན་གྱིས་བྱ་དགའ་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་རྒྱུ་དང་སླད་ནས་བྱེད་སྒོ་དེ་འདྲ་གང་མང་གང་ལེགས་སྤེལ་རྒྱུའི་སྐུལ་མ་དང་རྒྱབ་སྐྱོར་གནང་བྱུང་བ་དེ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com