ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གསུམ་པའི་རི་མོ་འགྲེམ་སྟོན་བྱ་འགུལ་སྤེལ།
བཀོད་སྒྲིག་འཛོམས་པའི་རི་མོ་འགྲེམ་སྟོན་གྱི་ངོ་མཚར་བའི་རྣམ་པ།
སློབ་རའི་སྒྱུ་རྩལ་རིག་གནས་ཀྱི་སྤུས་ཚད་མཐོར་འདེགས་དང་ཚད་གཞི་མཐོན་པོའི་སྒོ་ནས་སློབ་མ་རྣམས་རི་མོ་ལ་དགའ་བའི་སྤྲོ་བ་སློང་ཆེད། སློབ་རའི་ཁྱོན་ཀུན་ཏུ་ཐུན་མོང་མ་ཡིན་པའི་རིག་གནས་མཁའ་དབུགས་གསར་བ་ཞིག་སྔོག་འདོན་བྱེད་པ་བཅས་ཀྱི་སླད་དུ། ཟླ12པའི་ཚེས12ཉིན་གྱི་སྔ་དྲོར་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རི་མོ་ཚན་ཁག་གིས་གཙོ་སྒྲུབ་བྱས་པའི་སློབ་རའི་སྐབས་གསུམ་པའི་རི་མོ་འགྲེམ་སྟོན་བྱ་འགུལ་སློབ་གྲྭའི་གཞུང་སྒྲུང་ཐོག་ཁང་གི་མདུན་དུ་བདེ་ལེགས་ངང་སྤེལ།
རི་མོའི་བརྩམས་ཆོས་རེ་རེ་ལ་མིག་གི་བུང་བས་ལོངས་སུ་སྤྱོད་བཞིན་པའི་ཚུལ།
ཐེངས་འདིའི་འགྲེམ་སྟོན་སྟེང་དུ་དགེ་སློབ་ཀུན་གྱི་རི་མོའི་བརྩམས་ཆོས256ལྷག་འདུས་ཡོད་པ་དང་། རི་མོའི་འབྲི་ཐབས་ཐད་དུ་སྐྱ་འབྲི སྣུམ་ཚོན་རི་མོ། ཁཱ་ཐུན་རི་མོ། བོད་ལུགས་རི་མོ་སོགས་ཡོད་ལ། ནང་དོན་ཐད་དུ་མི་སྣ་དང་། སློབ་རའི་འཚོ་བ། བོད་ཀྱི་འཚོ་བ། སྲོག་ཆགས། འཆར་ཡན་ལས་འཕྲོས་པའི་རི་མོ་སོགས་ངོ་བོ་དང་རྣམ་པ། ནང་དོན་སྣ་ཚོགས་པ་ཞིག་འདུས་ཡོད།
རི་མོ་འགྲེམ་སྟོན་གྱི་གྲུ་ཟུར་ཞིག
ཐེངས་འདིའི་རི་མོའི་འགྲེམ་སྟོན་སྐབས་སྔོན་མ་དག་དང་བསྡུར་ན་ནང་དོན་ཕུན་སུམ་ཚོགས་ཤིང་། བྲིས་པའི་ཆུ་ཚད་ཀྱང་མངོན་གསལ་སྒོས་ཇེ་མཐོ་དང་ཇེ་ལེགས་སུ་གྱུར་ཡོད་པ་ཁ་ཚོན་བཅད་ཆོག སློབ་བུ་སྟོང་ཕྲག་འགའ་ཡིས་ཉིན་གཅིག་གི་འགྲེམ་སྟོན་གྱི་རྣམ་པ་དུས་ཡུན་ངེས་ཅན་ཞིག་ལ་འདུ་ལོང་ཅན་དུ་བསྒྱུར་བར་སློབ་བུ་རྣམས་རི་མོའི་སྒྱུ་རྩལ་ལ་བཅངས་པའི་མོས་འདུན་དང་དགའ་སྣང་དེ་བཅོས་མིན་ཤུགས་ཀྱིས་རྟོགས་ཐུབ། ལྷག་པར་ངོ་མཚར་བའི་རི་མོ་རེ་རེ་ལ་ཀེམ་ཀེམ་མིག་གིས་ཅེར་བའི་སྣང་ཚུལ་ལ་བརྟག་ན། རྗེས་ཕྱོགས་ཀྱི་སློབ་སྦྱོང་འཚོ་བ་ལས་ཤེས་བྱ་སྣ་ཚོགས་པ་ཞིག་སྡུད་ལེན་དང་བརྩོན་པས་འཇུག་སྤོབས་པའི་ཕུགས་བསམ་དེ་ངང་གིས་ཤེས་ཐུབ། འདི་དང་འདི་ལྟ་བུའི་བྱ་འགུལ་གྱིས་སློབ་བུ་རྣམས་ཕན་ཚུན་མཉམ་མྱོང་བརྗེ་རེས་དང་རང་ནུས་སྔོག་འདོན་ཐད་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་པ་གསལ་བོར་མངོན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com