ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་གླིང་གིས་རིག་གཞུང་འཆད་ཁྲིད་ཀྱི་བྱ་འགུལ་ཞིག་སྤེལ་པ།
ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་རྒྱ་མཚོས་རིག་གཞུང་འཆད་ཁྲིད་བྱེད་བཞིན་པ།
ཉེ་ལམ། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་གླིང་གིས་གདན་འདྲེན་ཞུས་པ་ལྟར། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་རྒྱ་མཚོས་ནུབ་བྱང་སྡེ་གསར་མི་རིགས་སློབ་ཆེན་གྱི་རིག་གཞུང་སྙན་ཞུ་ཐོག་ཁང་དུ་སློབ་གྲྭའི་དགེ་སློབ་ཡོངས་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་བརྗོད་བྱར་བྱས་པའི་རིག་གཞུང་འཆད་ཁྲིད་གནང་ཞིང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རིག་གནས་གླིང་གི་འགོ་གཙོ་རྡོ་རྗེ་རིན་ཆེན་གྱིས་བྱ་འགུལ་འདིའི་མདོ་འཛིན་མཛད་པ་དང་། སློབ་གྲྭའི་དགེ་སློབ་ཀུན་གྱིས་ཐེངས་འདིའི་འཆད་ཁྲིད་ལ་ཉན་པ་རེད།
འཆད་ཁྲིད་ཀྱི་སྟེང་དུ། རྒན་ཚེ་རིང་རྒྱ་མཚོས་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཀྱི་གོ་དོན་དང་དེ་ཕན་ཚུན་ཐུན་མིན་གྱི་ཆ་རྣམས་གསལ་འགྲེལ་བྱས། ཁོས་དུས་རབས་ཀྱི་འགྱུར་བ་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ཚང་མས་དེང་རབས་རིག་གནས་དང་ལེན་བྱེད་དགོས་པ་དང་། དེའི་མཚུངས་སུ་ཕུལ་དུ་བྱུང་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། དེ་མིན་རྒྱུན་འཛིན་བྱེད་པའི་གོ་རིམ་ཁྲོད་སྙིག་དོར་བཅུད་ལེན་བྱེད་དགོས་པ་བཅས་བསྟན་ཞིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་དེར་ཚན་རིག་གི་ཆ་མི་ཉུང་བ་ལྡན་གྱི་ཡོད་པ་དང་། ད་སྔའི་བར་དུ་ད་དུང་སྤྱི་ཚོགས་ཡོངས་དང་མི་དམངས་ལ་ཞབས་འདེགས་སྒྲུབ་ཀྱི་ཡོད་ལ། བོད་ཀྱི་སྲོལ་རྒྱུན་ཚད་མ་རིག་པ་ལ་མཚོན་ནའང་དེའི་ཁྱད་དུ་འཕགས་པའི་རིག་ལམ་ལས་མི་རྣམས་ལ་བྱ་དངོས་ཇི་ལྟར་ངོས་འཛིན་བྱེད་ཚུལ་བསྟན་པ་སོགས་ཀྱི་རིག་གནས་སྣང་ཚུལ་བརྗོད་པ་རེད།
རྒན་ཚེ་རིང་རྒྱ་མཚོའི་འཆད་ཁྲིད་ལ་འདིར་བཞུགས་དགེ་སློབ་ཡོངས་ཀྱི་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ་ཅིང་། འཆད་ཁྲིད་མཇུག་རྫོགས་རྗེས་བོད་སྐད་ཡིག་རིག་གནས་གླིང་གི་འགོ་གཙོ་རྡོ་རྗེ་རིན་ཆེན་གྱིས་རྒན་ཚེ་རིང་རྒྱ་མཚོར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་དང་ཆབས་ཅིག་འདིར་བཞུགས་སློབ་མ་རྣམས་ལ་ཡང་སེམས་བསམ་པའི་རྟེན་འབྲེལ་གྱི་རེ་སྨོན་བརྗོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com