བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང་ལེགས་འགྲུབ་བྱུང་བ།
ཚོགས་ཡུལ་གྱི་རྣམ་པ།
མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྐྱོང་གནང་བའི་སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང་ཚོགས་འདུ་ཞེས་པ2012ལོའི་སྤྱི་ཟླ1པོའི་ཚེས13ཉིན་གནའ་མཁར་ཟི་ལིང་ནས་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་། དགོང་ལོ་བརྒྱད་ཅུ་གྱ་གསུམ་ཡིན་པའི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་རིན་པོ་ཆེ(པར་འོག་མའི་དང་པོ)སྐུ་དངོས་སུ་ཉིན་གསུམ་ཀའི་དཔྱད་གླེང་ལ་ཞུགས་ཤིང་དམངས་གཙོ་དང་འདྲ་མཉམ་གྱི་ཚུལ་མངོན་པར་གསལ་བའི་ཀུ་ཡངས་གླེང་སྟེགས་སུ་གསུངས་བཤད་གནང་བ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས་ལགས་ཀྱང་དེ་བཞིན་ཡིན་པ་མ་ཟད་སྤྱི་སྡོམ་གཏམ་བཤད་གང་ལེགས་བསྩལ་བས། མདོ་དབུས་ཁམས་ནས་ཡོང་བའི་ཚོགས་ཞུགས་མཁས་པ་དང་དགེ་རྒན་རྣམ་པར་བག་ཆགས་ཟབ་ཅིང་སེམས་འགུལ་ཐེབས་པར་བྱས་ཡོད།
ཚོགས་འདུ་ནི་དཔྱད་རྩོམ་སྒྲོགས་འདོན་དང་ཀུ་ཡངས་གླེང་སྟེགས་ཞེས་རིམ་པ་གཉིས་སུ་བཀར་ནས་སྤེལ་བ་དང་། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་བོད་སྐད་ཡིག་གི་ལམ་ནས་དཔྱད་རྩོམ་དང་གཏམ་བཤད་སྤེལ་བ་དེ་དཔེ་མེད་པར་བརྩི་བ་བཞིན་འདུག དཔྱད་རྩོམ་རྣམས་གྲ་སྒྲིག་ལེགས་པ་དང་། གནད་ལ་འཁེལ་བ། དགོངས་འཆར་དོན་སྙིང་ཡོད་པ། ཆུ་ཚད་མཐོ་བ་སོགས་དགེ་མཚན་མང་པོ་ཡོད་པའི་དཔྱད་འཇོག་ཐོབ་ཅིང་། མི་རེ་རེ་ཚང་མས་ཞིབ་འཇུག་འབྲས་བུའམ་དྲན་ཚུལ་བརྗོད་པའི་རྣམ་པ་ཐོན་ཏེ། མཐར་བོད་ཡིག་སློབ་དེབ་ཅི་ལྟར་བཅོས་བསྒྱུར་རམ་སྒྲིགས་པ་དང་། ས་ཆ་མི་འདྲ་བའི་སློབ་ཆུང་བོད་སྐད་ཡིག་ལ་གནད་དོན་ག་འདྲ་གནས་པ། རྗེས་མར་ལས་གཞི་ཅི་ཞིག་དང་ཅི་ལྟར་བསྒྲུབ་པའི་ཐད་འཆར་གཞི་དང་བསམ་འཆར་བཏོན་པར་ལྟ་བ་གཅིག་མཐུན་ཅན་ལེགས་པོ་བྱུང་ཡོད་པ་རེད།
བུད་མེད་ཀྱི་ཚོགས་ཞུགས་མི་སྣ་གཉིས་ལ་དོ་སྣང་ཆེན་པོ་ཐོབ་འདུག་པ་ནི། མདོ་སྨད་དཔའ་རིས་སུ་སློབ་གསེང་སྐད་ཡིག་སློབ་ཁྲིད་སྤེལ་མཁན་གླུ་མ་གྲགས་ཅན་རིག་འཛིན་སྒྲོལ་མ་དང་རྒྱལ་རོང་བཙན་ལྷ་མི་ཕམ་སློབ་ཆུང་གི་བོད་ཡིག་དགེ་རྒན་དཔལ་འཛིན་མཚོ་གཉིསརེད། རྒྱལ་རོང་དང་དཔའ་རིས། དེ་མིན་མདོ་སྨད་གྲོ་ཚང་དང་དཔའ་ལུང་། ཁམས་བདེ་ཆེན་སོགས་ས་ཆ་ཁ་ཤས་སུ་བོད་ཡིག་སློབ་གྲྭ་མེད་པ་དང་། བོད་ཀྱི་སློབ་གྲྭར་བོད་ཡིག་དགེ་རྒན་དང་སློབ་ཁྲིད་མེད་པ། སློབ་ཐུན་བཀོད་སྒྲིག་ཉུང་བ་སོགས་གནད་དོན་གནས་པར་ཚང་མས་དོ་སྣང་བྱས་ལ། གཞུང་དམངས་གཉིས་ཀྱི་བོད་ཀྱི་སློབ་གསོ་ལ་ཐུགས་ཁུར་གནང་མཁན་ཡོངས་ནས་ཀྱང་དེ་དག་ལ་དོ་སྣང་དང་ཐུགས་ཁུར་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་བཏང་བྱུང་།
ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས་དང་དཔྱད་གླེང་ནས་བྱུང་བའི་འཆར་གཞི་དང་འགྲུབ་ཐབས་སོགས་ མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་རྒྱུན་མཐུད་དུ་སྤེལ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com