མཚོ་ལྷོ་ཁུལ་གྱིས་བོད་ཁུལ་གྱི་སློབ་སྔོན་སློབ་གསོ་གོང་སྤེལ་གྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-31 10:35:00 ཀློག་གྲངས།:

  ཉེ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་སློབ་སྔོན་སློབ་གསོའི་ཚོགས་འདུ་བསྡུས་ནས《སློབ་སྔོན་སློབ་གསོ་གོང་སྤེལ་དང་འབྲེལ་བའི་ལག་བསྟར་བསམ་འཆར》བཏོན་པ་རེད། ལག་བསྟར་བསམ་འཆར་དེས་སློབ་སྔོན་སློབ་གསོ་སྤེལ་བའི་འགན་སྲུང་བྱེད་ཐབས་གཏན་ཁེལ་བྱས་ཡོད་པ་སྟེ། གཞུང་བཙུགས་བྱིས་སྐྱོང་ཁང་གི་གཙོ་ཕུངས་གོ་གནས་འགན་སྲུང་བྱས་ཏེ་སློབ་སྔོན་སློབ་གསོའི་ཀུན་ཕན་རང་བཞིན་འབུར་དུ་བཏོན་པ་དང་། གྲོང་རྡལ་སྡོད་ཁུལ་གྱི་བྱིས་སྐྱོང་ཁང་འཆར་བཀོད་ལྟར་འཛུགས་སྐྲུན་བྱས་མེད་པར་ཞིབ་བཤེར་ཆོག་མཆན་གནང་བའི་སྡེ་ཁག་གིས་འཛུགས་སྐྲུན་གྱི་ཆོག་མཆན་གནང་མི་ཆོག་པ།  སློབ་སྔོན་སློབ་གསོའི་འགྲོ་གྲོན་དེ་ནོར་སྲིད་ཀྱི་སྔོན་རྩིས་ཁྲོད་བཞག་ནས་ལོ་རེར་ཇེ་མཐོར་གཏོང་བ། བྱིས་སྐྱོང་དགེ་རྒན་བསྡུ་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་སློབ་སྔོན་སློབ་གསོའི་དགེ་རྒན་གྱི་འགག་སྒོ་དམ་པོར་བཟུང་བ། བྱིས་པ་འཚར་ལོངས་འབྱུང་བའི་ཆོས་ཉིད་དང་སློབ་སྔོན་སློབ་གསོའི་ཆོས་ཉིད་གཉིས་དང་མཐུན་པར་རྩེད་འཇོ་དེ་རྩ་བའི་བྱ་འགུལ་དུ་བཟུང་ནས་རྒྱུགས་གཞི་གཙོར་འཛིན་སློབ་གསོ་ལྟར་བྱིས་པའི་སློབ་གསོ་བསྒྲུབ་མི་ཆོག་པ།  བྱིས་པའི“སྐད་གཉིས”བསླབ་དེབ་འདོན་སྤེལ་བྱས་ནས“སྐད་གཉིས”སློབ་ཁྲིད་བྱེད་ཐབས་འཚོལ་ཞིབ་བྱེད་པ། སློབ་སྔོན་སློབ་གསོ་དེ་རིམ་པ་སོ་སོའི་སྲིད་གཞུང་གི་ལོ་རེའི་དམིགས་འབེན་དཔྱད་ཞིབ་དང་རིམ་པ་སོ་སོའི་ཏང་སྲིད་འགོ་ཁྲིད་ཚོགས་པའི་ལོ་རེའི་དཔྱད་ཞིབ་ཚད་ཐིག་ཏུ་བྱས་ནས་ལོ་རེར་དཔྱད་ཞིབ་བྱེད་པ་བཅས་ཁག་བཅུ་རུ་འདུས་པ་རེད།
  ལག་བསྟར་བསམ་འཆར་ལྟར་ན2013ལོའི་ལོ་མཇུག་ཏུ་ཁུལ་ཡོངས་སུ་རྫོང་དང་། ཞིང་གྲོང་། སྡེ་བའི་བྱིས་སྐྱོང་ཁང265གསར་བསྐྲུན་དང་རྒྱ་བསྐྱེད་དེ་སློབ་སྔོན་སློབ་གསོ་ཞང་གྲོང་ཀུན་ཏུ་ཁྱབ་པའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱུང་དགོས་ལ། རྫོང་སོ་སོར་ཚད་ལྡན་ཅན་གྱི་བྱིས་སྐྱོང་ཁང10ཡན་དང་། ཞང་དང་གྲོང་རྡལ་སྲིད་གཞུང་སྡོད་གནས་སུ་དཀྱིལ་སྙིང་བྱིས་སྐྱོང་ཁང46། རོང་འབྲོག་ཁུལ་གྱི་སྲིད་འཛིན་སྡེ་བར་བྱིས་སྐྱོང་ཁང212བཅས་འཛུགས་བསྐྲུན་བྱེད་རྒྱུ་རེད། 2015ལོའི་བར་དུ་ཁུལ་ཡོངས་སུ་སློབ་སྔོན་སློབ་གསོ་མྱོང་བཞིན་པའི་མི་གྲངས17870ལ་སླེབས་དགོས་ཤིང་། སློབ་སྔོན་ལོ་གཅིག་གི་སློབ་གྲྭར་འགྲིམ་ཚད་རགས་རྩིས་བརྒྱབ་ན90%ཡན་དང་།  སློབ་སྔོན་ལོ་གཉིས་ཀྱི་སློབ་གྲྭར་འགྲིམ་ཚད་རགས་རྩིས་བརྒྱབ་ན83%ཡན།  སློབ་སྔོན་ལོ་གསུམ་གྱི་སློབ་གྲྭར་འགྲིམ་ཚད་རགས་རྩིས་བརྒྱབ་ན78%ཡན་བཅས་ཟིན་དགོས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།