བྱ་ཆུའི་འགྱུར་ཁུགས་ཀྱི་རྩོམ་སྒྲིག་ཚན་ཆུང་གི་རྩོམ་བསྡུའི་བརྡ་ཐོ།

རྩོམ་པ་པོ།:བྱ་ཆུའི་འགྱུར་ཁུགས་ཀྱི་རྩོམ་སྒ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-13 08:40:00 ཀློག་གྲངས།:


བྱ་ཆུའི་འགྱུར་ཁུགས།

          སྤྱིར་རང་ཅག་ཁ་བ་ཅན་གྱི་ཡུལ་གྲུ་སོ་སོ་ན་རང་གི་སྐད་དང་ཡི་གེའི་སྤྱོད་ཡུལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བའི་བྱ་གཞག་རབས་དང་རིམ་པ་ཞིག་སྒྲུབ་གྱིན་ཡོད་ལ། ཁྱད་པར་དུ་རང་རེའི་དམངས་ཁྲོད་ཀྱི་ཡུལ་ལུང་མི་ཉུང་བ་ཞིག་ན་ཤེས་རིག་ཡར་སྐུལ་གྱི་ལས་ལ་འབད་པའི་དཔྱོད་ལྡན་མི་བུ་དག་གི་བླ་མེད་ཀྱི་ཀུན་སློང་དང་སྒེར་མེད་ཀྱི་སྤྱི་སེམས་ལ་རྟག་བརྟན་གྱི་ངོ་སོ་བསྟོད་རྒྱུ་དང་རྗེས་སུ་ཡི་རངས་བྱེད་པར་འཐུས།
          དེ་ཡང་ཇི་སྐད་དུ་༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བའི་ཞལ་ནས། མི་རིགས་ཤིག་གི་སློབ་གསོ་གོང་དུ་སྤེལ་དགོས་ན། ཐོག་མར་མི་རིགས་དེའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་དགོས་ཞེས་དང་། དེའི་མཚུངས་སུ་སྤྱི་ལོ2012ལོའི་ཟླ1པོར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རིའི་མེ་ཧྲེ་གྷན་སློབ་ཆེན་དུ་སློབ་གསོའི་གལ་ཆེན་རང་བཞིན་གླེང་དུས་གསུང་རྒྱུར། ང་ཚོས་ཅི་ལྟར་བྱས་ཏེ་མི་སྒེར་རང་ཉིད་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད་རྒྱལ་ཁབ་ཀྱང་བསྐྲུན་ཐུབ་པའི་སློབ་གསོ་དེ་སྤེལ་ཐུབ་བམ། དཔལ་འབྱོར་གྱི་དུས་རབས་འདིར་ཡང་སློབ་གསོ་ལས་ལྷག་པའི་ཕུགས་བསམ་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡོད་པ་མ་རེད་ཅེས་མགྲིན་པ་གཟེངས་སུ་བཏེགས་ཏེ་ནན་བཤད་བྱེད་པར་བལྟས་ནའང་སློབ་གསོ་ནི་ལོ་བརྒྱའི་ཇུས་ཆེན་ཡིན་ལ་ཀུན་གྱི་རྩ་བ་ཡིན་པ་རྟོགས་ཐུབ།
          ང་ཚོས་ཤེས་གསལ་ལྟར། འགྲོ་བ་མིའི་ཤེས་རིག་གི་དཔལ་ཡོན་སྐྲུན་པའི་གོ་རིམ་རེ་རེའི་ཁྲོད་དུ་སྔོན་ཐོན་གྱི་ཕྱིའི་རྒྱལ་ཁབ་ཁག་གཙོ་བྱས་པའི་རྒྱལ་ཁོངས་དང་མངའ་ཁོངས་མང་ཤས་སུ་ཆེ་བ་འཛམ་གླིང་འགྲོ་མིའི་སྤྱི་དོན་དང་ཆུང་བ་སྲོག་ཆགས་གྲོག་མའི་འཆི་རྐྱེན་ཙམ་ཡང་མ་ལུས་དཔྱད་བརྗོད་དང་ཞིབ་འཇུག་གི་ཚུལ་དུ་སྤེལ་ཟིན་པ་རེད། ཡིན་ནའང་བོད་ཀྱི་ཡུལ་འདིར་ད་དུང་དངོས་སྣང་འགྲོ་མིའི་སྤྱི་ཚོགས་ཀྱི་སྣང་ཚུལ་མང་པོ་ཞིག་ང་ཚོ་རང་ཉིད་ཀྱིས་ཀྱང་ཅི་ཡིན་ཆ་མ་འཚལ་པར་ལུས་ཡོད་པ་འདི་དག་གི་ཉེ་སར་བཅར་ནས་ཞིབ་ཏུ་དཔྱད་ན་མ་མཐར་ཡང་འུ་ཅག་གི་འདས་མ་ད་གསུམ་གྱི་གནད་དོན་ཆེ་མ་ཆུང་གསུམ་ལ་འགན་འཁུར་བའི་གླེང་སློང་བ་ཡིན་ལ། རང་གི་ཤེས་རིག་གི་སྐྱེད་ཚལ་གླིང་དུ་རང་ནུས་སྐྲུན་པའི་མེ་ཏོག་རྐང་གཅིག་ཅི་ལ་མིན།
          དེ་བས། མཛའ་མཐུན་དགེ་རྩ་ཚོགས་པས་གཙོ་སྒྲིག་བྱས་ཤིང་མཐུན་རྐྱེན་བསྒྲུབ་པའི་རེབ་འདིའི་བྱ་ཆུའི་འགྱུར་ཁུགས་འདོན་ཐེངས་བདུན་པའི་དེབ་ཆུང་འདི་ཡང་ཧ་ཅང་ཉུང་དྲགས་པའི་ཁ་བའི་ལྗོངས་ཀྱི་པར་སྐྲུན་ལས་དོན་གྱི་སྐྱེས་སུ་ཕུལ་བ་ལགས་ན། ན་གཞོན་རྩོམ་པ་པོར་སྐུལ་བའི་རྒྱུ་རུ་འགྱུར་བ་དང་འདིས་ཡང་རྩོམ་རིག་ས་བོན་འཁྲུངས་པའི་གཤིན་སའམ་རྩོམ་གྱི་འབྲས་བཟང་སྨིན་པའི་གོ་སྐབས་ཤིག་སྩོལ་བར་གྱུར་ཅིག
          བྱ་ཆུའི་འགྱུར་ཁུགས་ཀྱི་རྩོམ་བསྡུ་བའི་ཁྱབ་ཁོངས་གཙོ་བོ་ནི་བོན་སྐོར་གྱི་སློབ་ཆུང་སློབ་མ་དང་རྩོམ་འབྲིར་དགའ་བའི་ན་གཞོན་དག་ཡིན་ལ། རྩོམ་གྱི་ཁ་ཕྱོགས་གཙོ་བོ་ནི་སློབ་གསོར་ཁ་ཕྱོགས་ཤིང་སློབ་གསོའི་སྐོར་གྱི་བྲིས་རྩོམ་ཡིན་དགོས། རྩོམ་པ་པོས་རང་གི་རྩོམ་ལ་དང་དོད་དང་ཞུ་དག་གང་ལེགས་བགྱིད་རྗེས་ཧི་གཟུགས་གྱིས་གཏགས་ནས་གཤམ་གྱི་གླེང་མོལ་བྱང་བུའམ་གློག་རྡུལ་ཡིག་ཟམ་སྟེང་བསྐུར་དགོས།
QQ: 420686812
གློག་རྡུལ་ཡིག་ཟམ།   nangchukja@friendshipcharity.org
          དེ་མིན་ད་དུང་རི་མོ་ཡག་པོ་དང་མཚོན་དོན་ཅན་འབྲི་མཁན་ཡོད་ཚེ་བསྐུར་ཤོག་དང་དེབ་ཀྱི་བར་བཅུག་གི་རི་མོར་འགོད་རྒྱུ་ཡིན། བྱ་ཆུའི་འགྱུར་ཁུགས་ཀྱི་རྩོམ་སྒྲིག་ཚན་ཆུང་གིས་སྔར་བཞིན་ལོ་རེའི་སྤྱི་ཟླ2པའི་ཚེས1ནས་སྤྱི་ཟླ10བའི་ཚེས31ཉིན་བར་རྩོམ་ཡིག་བསྡུ་རྒྱུ་ཡིན་པ་དང་། སྤྱི་ཟླ11པའི་ཚེས1ནས་སྤྱི་ཟླ12པའི་ཚེས31ཉིན་བར་ནི་རྩོམ་སྒྲིག་གི་སྐབས་ཡིན་པས་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ་ཡིན། རྩོམ་ལུས་ཀྱི་ཆ་ནས་སྒྲུང་གཏམ་དང་། སྲོལ་རྒྱུན། ལྷུག་རྩོམ། དཔྱད་རྩོམ། བསྒྱུར་རྩོམ་བཅས་གཙོ་བའི་སློབ་གསོར་ཁ་ཕྱོགས་པའི་རྩོམ་ཡིག་གང་རུང་ལས་ཕུལ་བྱུང་རྩོམ་ཡིག་དག་གདམ་རྒྱུ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།