ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གསུམ་པའི་མཐར་ཕྱིན་སློབ་མའི་སྐུལ་སློང་ཚོགས་འདུ་བསྡུས།
མཐར་ཕྱིན་འཛིན་གྲྭའི་འཛིན་བདག་རྣམས་ཀྱིས་ཚོགས་འདུའི་ནང་དོན་ཟིན་བྲིས་འགོད་བཞིན་པ།
2012ལོའི་ཟླ4བའི་ཚེས18ཉིན་གྱི་ཕྱི་དྲོའི་སློབ་ཐུན་བཞི་བར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གསུམ་པའི་མཐར་ཕྱིན་སློབ་མའི་སྐུལ་སློང་ཚོགས་འདུ་སྐས་རིམ་ཚོམས་ཆེན་དུ་བསྡུས།
རེབ་འདིའི་ཚོགས་འདུར་རྒན་འབྲུག་ཐར་གྱིས་འགོ་འཛིན་བྱས་ཤིང་རིམ་པ་བཞིན་དུ་ཚན་གཙོ་ཚེ་རིང་རྡོ་རྗེ་དང་སློབ་མའི་འཐུས་ཚབ་གནམ་ལྷ་ཚེ་རིང་། དགེ་རྒན་འཐུས་ཚབ་འབྲུག་ཐར། སློབ་གཙོ་བསོད་ནམས་རྡོ་རྗེ་བཅས་ཀྱིས་འབྲིང་རྒྱུགས་ཐད་ཀྱི་གྲ་སྒྲིག་དང་ཡར་སྔོན་འབྲིང་རྒྱུགས་ཀྱི་གནས་ཚུལ་རྣམས་གཤིབ་བསྡུར་གྱི་ཚུལ་དུ་རེ་རེ་ནས་གཏམ་བཤད་གལ་ཆེན་གནང་།
ལོ་རིམ་དགུ་བའི་མགོ་གཙོ་རྒན་ཚེ་རིང་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
ཐོག་མར་ཚན་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཉེ་སྔོན་དཔེ་མཚོན་རྒྱུགས་གཞི་བླངས་པའི་སྐར་གྲངས་གཞིར་བཟུང་ནས་ན་ནིང་གཞེས་ནིང་གི་འབྲིང་རྒྱུགས་ཐོབ་སྐར་དང་གཤིབ་བསྡུར་བྱས་ཏེ། སློབ་བུ་ཀུན་ལ་མི་འདང་བའི་ཕྱོགས་སོ་སོ་གསལ་བཀྲོལ་བྱས་ནས་ཇི་ལྟར་ཐག་གཅོད་ཐབས་སོགས་སློབ་སྦྱོང་གི་གནད་འགག་བརྗོད་ཅིང་། རང་ཉིད་ཀྱི་མདུན་ལམ་རང་ཉིད་ཀྱི་ལག་ན་གནས་པས་ཁོག་དཔུང་ལ་རྒྱ་ཤོར་དུ་མི་འཇུག་པར་འབད་བརྩོན་ལྷོད་མེད་དང་། རང་རྟོན་རང་རློམ་གྱི་སྤོབས་གདེང་མཐོན་པོས་འབད་འབུངས་ཀྱི་རྒྱུན་དེ་ཆེས་མཐའ་མཇུག་གི་ཟླ་གཉིས་ལ་བརྐྱངས་བར་སྐུལ་མ་ཡང་ཡང་མཛད།
དགེ་རྒན་འཐུས་ཚབ་པས་ཚོགས་ཐོག་ཏུ་གཏམ་བཤད་གནང་བཞིན་པ།
སློབ་གྲོགས་གནམ་ལྷས་ཀྱང་སློབ་བུ་ཀུན་གྱི་སྤོབས་སེམས་དང་ཕུགས་བསམ་དྲོན་མོ་དེ་སྙན་འཇེབས་ཚིག་ལ་བརྒྱུས་ཏེ་སློབ་གྲོགས་རྣམས་པར་སྙིང་རུས་དྲག་པོ་བརྡབ་པ་དང་ཆེས་མཇུག་མཐའི་གདོང་མཆོངས་ཀྱི་དུས་བབ་ལ་ལྷོད་གཡེང་གཏན་ནས་བྱེད་མི་ཉན་པར་སློབ་སྦྱོང་གཙིགས་ཆེན་དང་སྤྱོད་ལམ་བཟང་བོས་རྗེས་སྐྱོང་སློབ་མར་བག་ཆགས་དགའ་ཞིག་འཇོག་པའི་ཆོད་སེམས་དང་འགྱུར་མེད་ཀྱི་དམིགས་འབེན་འབོར་མི་ཉན་པའི་གསལ་འདེབས་ཡང་ཡང་བཟློས།
དགེ་རྒན་འབྲུག་ཐར་ནས་སློབ་བུ་ཚོ་མི་འཚབ་མི་དངངས་པར་སློབ་སྦྱོང་གི་དུས་ཚོད་བེད་སྤྱོད་སྟངས་ཐད་བཀོད་སྒྲིག་ལེགས་དགོས་ཤིང་། སློབ་སྦྱོང་གི་ཐོན་འབྲས་དེ་ཚད་མཐོན་པོ་ཞིག་ལེན་དགོས་ན་ཐབས་ཤེས་ཟུང་དུ་སྦྲེལ་ནས་བླང་དོར་གཙོ་ཕལ་གྱི་དབྱེ་བ་གསལ་དགོས་པའི་མྱོང་བ་དང་གནས་ལུགས་མང་པོ་ཞིག་དཔེ་ལ་སྦྱར་ནས་བརྗོད།
སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ནས་ཚོགས་འདུའི་དགོངས་དོན་
མཇུག་བསྡུ་བའི་ཚུལ་དུ་གཏམ་བཤད་གལ་ཆེན་གནང་བཞིན་པ།
མཇུག་མཐར་སློབ་གཙོ་བསོད་ནམས་རྡོ་རྗེ་ཡིས་སློབ་བུ་ཀུན་ལ་ཁྱོད་ཚོ་ནི་མ་ཡུམ་སློབ་གྲྭ་ནས་དམའ་འབྲིང་སློབ་གསོ་ཧྲིལ་བོར་མྱངས་བའི་མཐར་ཕྱིན་སློབ་མ་སྐབས་དང་བོ་ཡིན་པ་དང་། ཡང་གཅིག་བཤད་ན་མཚོ་ལྷོ་ཁུལ་གྱི་སློབ་གསོ་བཅོས་བསྒྱུར་ཐད་ལ་མངོན་འབྲས་འབྱུང་མིན་གྱི་ཆེས་ཐོག་མའི་ཐོན་རྫས་ཡིན་པས་སློབ་བུ་ཀུན་གྱི་མི་ཚེའི་དཀྱོག་མཚམས་ཤིག་ཡིན་སྲིད་ལ་སློབ་གསོའི་བཅོས་བསྒྱུར་ལེགས་འགྲུབ་འབྱུང་མིན་གྱི་གནད་འགག་ཅིག་ཀྱང་ཡིན་ཞེས་རེ་བ་མཐོན་པོ་དང་ཚད་གཞི་བླ་ལྷག་བཟུང་སྟེ་གཏམ་བཤད་གལ་ཆེན་གནང་བ་མ་ཟད། དུས་ཡུན་ཟླ་གཉིས་ཀྱི་སློབ་སྦྱོང་གི་དུས་ཚོད་བརྩོན་ལེན་བྱས་ཏེ་གཟའ་རེ་དང་ཉིན་རེ། ཐ་ན་དུས་ཚོད་གཅིག་རེ་བྱས་ཏེ་ཞིབ་ཏུ་འཆར་གཞི་ངེས་ཅན་འགོད་དགོས་ཤིང་བརྩོན་པས་མཐར་གཏུགས་ནས་བསླབ་ཁག་རེ་རེའི་ཤེས་བྱ་རྣམས་ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་དུ་བརྩོན་ལེན་བྱས་ནས་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་དགོས་པའི་སྐུལ་འདེད་དྲག་པོ་བསྩལ།
ཐེངས་འདིའི་སྐུལ་སློང་ཚོགས་འདིས་དགེ་སློབ་ཀུན་ལ་སྔར་ན་མེད་པའི་བསམ་གཞིགས་དང་ཧུར་བསྐྱེད་ཀྱི་སེམས་ཤུགས་ཤིག་བསྩལ་ལ། ཀུན་གྱི་སེམས་ཁོངས་སུ་ལྷོད་ཤིག་གེར་གནས་པའི་རྟུལ་ཕོད་ཀྱི་མེ་དཔུང་དེ་འུར་འུར་དུ་མཆེད་པར་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com