ཁྲི་ཀ་བཅའ་སྡོད་སློབ་གྲྭས2012ལོའི་སྐབས་གསུམ་པའི་དམའ་འབྲིང་མཐར་ཕྱིན་གསོལ་སྟོན་དང་མཛད་སྒོ་བསྡུས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-18 08:48:00 ཀློག་གྲངས།:


སློབ་གྲྭའི་ཉིས་ཐོག་གསོལ་ཁང་དུ་མཐར་ཕྱིན་སྤྲོ་ཚོགས་བསྡུ་བཞིན་པའི་རྣམ་པ།

          ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས2012ལོའི་སྐབས་གསུམ་པའི་དམའ་འབྲིང་མཐར་ཕྱིན་གསོལ་སྟོན་དང་མཛད་སྒོ་གཉིས་བསྟུད་མར་ཉིན་གཉིས་ཀྱི་དུས་ཚོད་བེད་སྤྱད་ནས་འཐུས་ཚང་ཞིང་གཟབ་རྒྱས་ངང་བསྡུས།  ཉིན་དང་པོར་མཐར་ཕྱིན་འཛིན་གྲྭ་བདུན་པོ་དུས་གཅིག་ཏུ་སློབ་གྲྭའི་གསོལ་ཁང་ཆེན་མོའི་ཉིས་ཐོག་ཏུ་འདུས་ཤིང་། སློབ་གྲྭས་གྱེས་ཁའི་སྐྱེལ་མའི་ཚུལ་དུ་མཐར་ཕྱིན་སློབ་མར་ཀུ་ཤུ་དང་ངང་ལག་སོགས་སིལ་ཏོག་རིགས་ཀྱི་སྡེར་ཀ་བྱུར་བུར་སྤུངས་ཤིང་། རིགས་མི་གཅིག་པའི་རྔོད་ཚོད་དང་ཤ་སྡེར་གྱི་རིགས་ཀྱང་མདུན་ཅོག་ལ་མཐོན་པོར་བཤམས་ནས་གསོལ་སྟོན་གྱ་ནོམ་པ་བྱས།


གྱེས་བྲལ་གྱི་གདུང་བ་ལྕི་ན་ཡང་གར་གྱི་སྟངས་སྟབས་ཀློང་ནས་ཕན་ཚུན་ལ་བདེ་མི་མི་འཇོག་ག་མེད་བྱུང་།

         གསོལ་སྟོན་ལ་གོ་རིམ་ལྡན་ཞིང་ཐོག་མའི་མདོ་འཛིན་པའི་བཀོད་སྒྲིག་ལྟར་དུ་ལོ་རིམ་གྱི་ཚན་གཙོ་ནས་མཐར་ཕྱིན་ཤིས་ཚིག་ཕུལ་ཞིང་དེར་མཐུད་སློབ་བུ་དག་གིས་འཛིན་བདག་དང་ཁྲིད་སྟོན་པར་དྲིན་གཟོའི་ཚུལ་གྱིས་ལྷ་རྫས་ཁ་བཏགས་དཀར་པོ་འབུལ་ཏེ་ཕན་ཚུན་ལ་རེས་སྐྱོ་རེས་སྤྲོ་ཡི་ཚོར་སྣང་རང་ག་བ་བྱིན། རིམ་བཞིན་མཐར་ཕྱིན་སློབ་མས་རང་གི་མི་ཚེའི་བརྒྱུད་ལམ་གྱི་འབབ་ཚིགས་འདི་དང་བྲལ་ལ་ཉེ་དུས་ཀྱི་སྐྱོ་བའི་གླུ་བླངས་ཤིང་བྲལ་ཁའི་བྲོ་འཁྲབ་ནས་ལྟད་མོའི་གཅིག་ལངས་གཅིག་འཇགས་དང་བྲལ་ཁའི་ཐལ་མོ་རྡེབ་སྒྲའི་ཁྲོད་ནས་དགའ་སྟོན་བདེ་ལེགས་ངང་མཇུག་བསྡུས།


སློབ་གྲྭའི་སྐས་རིམ་སློབ་ཁང་དུ་མཐར་ཕྱིན་མཛད་སྒོ་བསྡུ་བཞིན་པའི་ཚུལ།

         ཕྱི་ཉིན་སྔ་དྲོར་སློབ་གྲྭའི་སྐས་རིམ་སློབ་ཁང་དུ2012ལོའི་སྐབས་གསུམ་པའི་དམའ་འབྲིང་སློབ་མཐར་ཕྱིན་གྱི་མཛད་སྒོ་སྤེལ།   དུས་ཚོད་དགུའི་སྟེང་དུ་སློབ་བུ་ཚོའི་སྤྲོ་དགའ་དང་སྐྱོ་སྣང་གཉིས་འདྲེས་ཀྱི་སེམས་པའི་ཁྲོད་ནས་དང་ཐོག་ལོ་རིམ་གྱི་དམ་ཚིག་དང་། བསྟོད་པ་ཆུ་འཛིན་དཀར་པོ་མ་དབྱངས་གཅིག་གདངས་གཅིག་སྒོས་མཉམ་འདོན་བྱས་ཏེ་མི་ཚེ་དཀྱོག་མཚམས་ཁྲོད་ཀྱི་སྤོབས་སེམས་དང་རང་རློམ་མངོན་པར་བྱས །   འཕྲོ་རུ་སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་ལོ་ངོ་གསུམ་གྱི་དམའ་འབྲིང་འཚོ་བའི་ཀྱག་ཀྱོག་དང་དཀའ་སྡུག་གི་འཚོ་བར་ཕྱིར་མིག་དང་སྤྱི་བསྡོམས་བྱས་ཤིང་། མཐར་སྤོབས་སེམས་དང་གདེང་ཚོད་མཐོན་པོས་མི་འགྱངས་བའི་འབྲིང་རྒྱུགས་སུ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་པར་ཡིད་ཆེས་དང་རེ་སྨོན་ཞུས། མུ་ནས་ཚན་གཙོ་ཚེ་རིང་རྡོ་རྗེ་ནས་གྱེས་བྲལ་གྱི་གདུང་བ་ལྕི་ན་ཡང་། རང་ཉིད་ཀྱི་ཕུགས་བསམ་ཆེད་དུ་ཧུར་ཐག་བྱ་དགོས་པའི་སྐུལ་ལྕག་གིས་ཕྱུག་པའི་སློབ་གསོའི་གཏམ་གལ་ཆེན་གནངས། འཕྲོ་ནས་སློབ་གཙོ་གཞོན་པ་སྙིང་ལྕགས་རྒྱལ། འཛིན་བདག་འཐུས་ཚབ་ཚེ་དབང་སྐྱིད་དང་། དགེ་རྒན་འཐུས་ཚབ་ཏང་དཔོན། མཐར་ཕྱིན་སློབ་མའི་འཐུས་ཚབ་གནམ་ལྷ་ཚེ་རིང་། ལོ་རིམ་དམའ་མོའི་སློབ་བུའི་འཐུས་ཚབ་སློབ་བུ་སྐལ་བཟང་བཀྲ་ཤིས་བཅས་རེ་རེ་ནས་མཐར་ཕྱིན་ཤིས་ཚིག་ཕུལ་ཞིང་སློབ་བུ་ཚོར་སྐུལ་འདེད་དང་རྗེས་མུར་ས་གང་དང་ལམ་གང་ལ་ཞུགས་ནའང་རང་ཉིད་ཀྱི་དམིགས་འབེན་འབོར་མི་ཉན་པའི་གཏམ་བཤད་གལ་ཆེན་གནང་། 


སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ནས་གྱེས་ཁ་མའི་མཐར་ཕྱིན་སློབ་བུ་རྣམ་པར་མིག་རྒྱང་རིང་བའི་འབྱུང་འགྱུར་ལ་
འབད་བརྩོན་དང་ཧུར་ཐག་བྱ་དགོས་པའི་སྙིང་ཕུར་གྱི་ཚབ་ཏུ་གཏམ་གལ་ཆེན་གནང་བཞིན་པ།

         མཇུག་མཐར་སློབ་གྲྭས་སློབ་བུ་ཀུན་ལ་མཐར་ཕྱིན་པའི་དཔང་ཡིག་གནང་བ་དང་གྱེས་ཁའི་ལེགས་སྐྱེས་གནང་བ་མ་ཟད།ཆེད་དུ་ཐེངས་འདིའི་ཕུལ་བྱུང་སློབ་མ14ལ་བྱ་དགའ་བསྩལ་བ་དང་།  མཚུངས་སུ་སློབ་བུ་ཀུན་གྱིས་ཀྱང་མ་ཡུམ་སློབ་གྲྭ་དང་བརྩེ་བའི་འཛིན་བདག   ཁྲིད་སྟོན་པ་དག་ལ་ཁ་བཏགས་དང་བཅས་ཏེ་རིམ་པར་ལེགས་སྐྱེས་གནང་།
         མཐར་སློབ་གཙོ་ནས་སློབ་བུའི་རྒྱུགས་ལེན་པའི་སྐོར་གྱི་མཉམ་འཇོག་བྱ་དགོས་ས་དང་རྒྱུགས་ལེན་ཐབས་ལམ་ཐད་དུ་མཛུབ་སྟོན་དང་། འབྱུང་འགྱུར་བྱ་ལས་དག་ལ་ཧུར་ཐག་འབད་འབུངས་དགོས་པའི་བཀའ་སློབ་གནང་སྟེ་མཐར་ཕྱིན་མཛད་སྒོ་བདེ་ལེགས་ངང་མཇུག་བསྒྲིལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།