བོད་རིག་པའི་ཞིབ་འཇུག་པ་ཏ་ཝེ་ཅི་མཱ་ནོས་མཚོ་སྔོན་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་།
ཟླ6པའི་ཚེས19ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གིས་ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་པ་ཏ་ཝེ་ཅི་མཱ་ནོ་གདན་འདྲེན་ཞུས་ཏེ《བོད་ཀྱི་རིག་གནས་དང་ཆ་འཕྲིན་ལག་རྩལ》ཞེས་པའི་ཆེད་དོན་འཆད་ཁྲིད་གནང་། གླིང་ཡོངས་ཀྱི་དགེ་སློབ300ལྷག་ཐེངས་འདིའི་འཆད་ཁྲིད་ལ་ཞུགས།
སྐུ་ཞབས་ཏ་ཝེ་ཅི་མཱ་ནོས་དུས་ཡུན་རིང་བོར་བོད་ཀྱི་རིག་གནས་སློབ་སྦྱོང་དང་ཞིབ་འཇུག་ལ་གཞོལ་ཞིང་། ཁོ་བོ་ནུབ་ཕྱོགས་རིག་གནས་ལ་བྱང་ཆ་ཡོད་པར་མ་ཟད་བོད་ཀྱི་རིག་གནས་ཉིང་བཅུད་ལའང་རྒྱུས་ལོན་ཅུང་ཟད་ལྡན། དེར་བརྟེན་ནུབ་ཕྱོགས་རིག་གནས་དང་བོད་ཀྱི་རིག་གནས་དབར་ཞིབ་བསྡུར་བྱས་ཏེ་ཅུང་ཡིད་ཚིམ་པའི་ཞིབ་འཇུག་འབྲས་བུ་བླངས་ཡོད།
འཆད་ཁྲིད་ཀྱི་གོ་རིམ་ཁྲོད། ཐོག་མར་ཁོ་རང་བོད་ཀྱི་རིག་གནས་ཀྱི་ཕྱི་མི་ཞིག་ཡིན་པའི་ཆ་ནས་ཁྱད་དུ་འཕགས་པའི་རིག་གནས་ཀྱི་ལྟ་སྟངས་དང་གཞུང་ལུགས་ལྟ་ཚུལ་གསར་བས་བོད་ཀྱི་རིག་གནས་ལ་ཕྱོགས་ཡོིངས་ནས་ཞིབ་ལྟ་དང་གཏིང་ཟབ་པའི་སྒོ་ནས་དབྱེ་ཞིབ་བྱས་ཤིང་། ནང་དོན་གྱི་ཆ་ནས་བོད་ཁུལ་གྱི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག ཆོས་ལུགས་དང་ལོ་རྒྱུས། སྐད་རིགས། གསོ་རིག རྩོམ་རིག དམངས་སྲོལ་སོགས་ཕྱོགས་མང་བོའི་ཞིབ་འཇུག་ཁྱབ་ཁོིངས་འདུས་པ་མ་ཟད། རང་ཉིད་ཀྱི་མི་མཐུན་པའི་ལྟ་ཚུལ་དང་བསམ་འཆར་བརྗོད་ལ། དེ་དང་ཆབས་ཅིིག་བོད་ཀྱི་རིག་གནས་དེ་རྒྱལ་སྤྱིའི་ཞིབ་འཇུག་ཁྱབ་ཁོངས་སུ་ཡོད་པའི་གོ་གནས་གལ་ཆེན་དང་དེ་ཉིད་ཆ་འཕྲིན་ལག་རྩལ་དུ་འཕེལ་བའི་མ་འོངས་འཕེལ་རྒྱས་ཁ་ཕྱོགས་ཀྱང་གླེང་།
ཉེ་བའི་ལོ་འགའི་ནང་། ཏ་ཝེ་ཅི་མཱ་ནོ་དང་ཁོའི་ཞིབ་འཇུག་རུ་ཁག་གིས་ད་ལྟའི་བར་བོད་ཀྱི་རིག་གནས་ཨང་ཀི་ཅན་དང་དྲ་རྒྱ་ཅན་གྱི་ཚན་རིག་ཞིབ་འཇུག་འཚོལ་ཞིབ་དང་སྔོག་འདོན་བྱས་ཏེ་སྔ་ན་མེད་པའི་ཚན་ཞིབ་ཀྱི་གྲུབ་འབྲས་ཆེན་པོ་བླངས་ཡོད། ཁོས་ཡུལ་དངོས་སུ་དགེ་སློབ་རྣམས་ལ་བོད་ཀྱི་རིག་གནས་གློག་རྡུལ་དྲ་རྒྱའི་གཞི་རྩའི་ཁྱད་ཆོས་དང་སྤྱོད་སྒོ ནང་འཛུལ་བྱ་ཐབས། དེ་མིན་ལྟ་གཟིགས་རྣམ་པ་སོགས་གལ་ཆེའི་ཆ་འཕྲིན་འགྲེམ་གཏོང་བྱས། དེར་མ་ཟད་བོད་ཀྱི་རིག་གནས་གློག་རྡུལ་དཔེ་མཛོད་ཁང་གི་ཇུས་འགོད་འདུ་ཤེས་དང་དྲ་སྦྲེལ་བརྒྱུད་དེ་དཔེ་མཛོད་ཁང་འདི་ཉིད་རྒྱལ་སྤྱི་ཅན་དུ་བསྒྱུར་བའི་འཕེལ་རྒྱས་ཁ་ཕྱོགས་བསྟན། དེར་ཚན་རིག་ཞིབ་འཇུག་གི་རིན་ཐང་དང་སྤྱི་ཚོགས་བཀོལ་སྤྱོད་རིན་ཐང་ངེས་ཅན་ལྡན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com