འབའ་རྫོང་དུ་བོད་ལུགས་གསོ་རིག་སྔོ་སྨན་ངོས་འཛིན་གྱི་བྱ་འགུལ་སྐབས་དང་པོ་སྤེལ་བ།
ཟླ7པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་བོད་ལུགས་སྨན་ཁང་གིས་གཙོ་སྒྲུབ་བྱས་པའི་བོད་ལུགས་གསོ་རིག་སྔོ་སྨན་ངོས་འཛིན་གྱི་བྱ་འགུལ་སྐབས་དང་པོ་དེ་མཛོ་མོའི་སྒར་ལུང་དུ་སྤེལ་བ་རེད། ཐེངས་འདིའི་བྱ་འགུལ་སྟེང་འབའ་ཡུལ་གྱི་བོད་ལུགས་གསོ་རིག་གི་གཞུང་ལུགས་དང་ལག་ལེན་གཉིས་སུ་ནང་བྱན་ཆུད་པའི་སྨན་པ་གྲགས་ཅན་བློ་བཟང་བཟོད་པ་མཆོག་གཙོ་བྱས་ཐོག སྨན་པ་འབུམ་རམས་པ་བསོད་ཚེ་དང་། མཁའ་འབུམ་རྒྱལ། རྫོང་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་འགོ་གཙོ་གཞོན་པ་པདྨ། རྫོང་བོད་ལུགས་སྨན་ཁང་གི་འགོ་གཙོ་བསམ་འགྲུབ་རྒྱལ། རྫོང་མི་དམངས་སྨན་ཁང་གི་འགོ་གཙོ་གཞོན་པ་དོན་འགྲུབ་རྒྱལ། ཡུལ་ཚོ་སོ་སོའི་འཕྲོད་བསྟེན་ཁང་གི་འགོ་གཙོ་སོགས་འབའ་རྫོང་ཡུལ་གྱི་སྨན་པ་དང་དགེ་རྒན།སློབ་མ། མང་ཚོགས་བཅས་མི་བརྒྱ་ལྷག་ཐེངས་འདིའི་བྱ་འགུལ་ཁྲོད་ཞུགས་པ་རེད།
ཐེངས་འདིའི་སྔོ་སྨན་ངོས་འཛིན་གྱི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི། འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་གངས་ཅན་གསོ་རིག་གི་མཛད་འཕྲིན་དབྱར་མཚོ་བཞིན་རྒྱས་ཤིང་འཆི་མེད་ཚེ་རིག་གི་དངོས་གྲུབ་སྐྱེས་འགྲོ་ཀུན་གྱི་ཚེ་བསོད་དུ་སྨིན་བཞིན་པའི་དེང་གི་དུས་བཟང་འདིར། གངས་ཅན་གསོ་རིག་གི་མཚན་སྙན་མངོན་པར་འཕགས་ཤིང་འཛམ་གླིང་གསོ་རིག་ཀུན་གྱི་ཉིང་བཅུད་དུ་གྱུར་བའི་བོད་ཀྱི་གསོ་རིག་རྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུ་ནི་གཞོན་རབས་པ་དག་གི་འོས་འགན་དུ་ལགས་པས། འབའ་རྫོང་ཡུལ་གྱི་སྨན་པ་ཞེས་པའི་གཟི་བརྗིད་ཀྱི་མཚན་མིང་བཞེས་པའི་འཚོ་བྱེད་ཀུན་གྱིས་ཀྱང་། ཚོང་ཟོག་དང་དཔལ་འབྱོར་ཁོ་ན་དང་གནས་སྐབས་ཀྱི་ཁེ་ཕན་ཙམ་ལ་མི་བརྩོན་པར། ད་ལྟ་རང་རེའི་ཡུལ་དུ་བོད་ལུགས་གསོ་རིག་གི་ལག་ལེན་དང་གཞུང་ལུགས་ཀུན་ལ་ཐོགས་པ་མེད་པའི་སྨན་པ་འབུམ་རམས་པ་འགའ་ཤས་འཚོ་བཞུགས་གནང་བཞིན་པའི་གོ་སྐབས་ལེགས་པོ་དམ་འཛིན་བྱས་ཏེ། འབའ་རྫོང་ཡུལ་གྱི་བོད་ལུགས་གསོ་རིག་སྔོག་འདོན་དང་མྱུར་སྐྱོབ། འཚོལ་སྡུད་དང་ལེགས་སྒྲིག རྒྱུན་འཛིན་དང་དར་སྤེལ་བཅས་བྱེད་མུས་ཡོད།
ཐེངས་འདིའི་སྔོ་སྨན་ངོས་འཛིན་གྱི་བྱ་འགུལ་བརྒྱུད་དེ་རང་རེའི་ལྷ་རྗེ་རྒན་པ་རྣམས་ཀྱི་མན་ངག་རྒྱུད་འཛིན་བྱེད་ཐུབ་པ་དང་གཅིག ཡུལ་འདིའི་སྔོ་སྨན་རྩ་ཆེན་སྐོར་ཞིག་རྩ་བརླག་ཏུ་འགྲོ་བར་སྲུང་སྐྱོབ་བྱ་བའི་འདུ་ཤེས་ཁྱབ་སྤེལ་ཏུ་གཏོང་བ་དང་གཉིས། སྤྱིར་བོད་ཀྱི་ཡུལ་ཁམས་ཀུན་དང་ལྷག་པར་དུ་འབའ་རྫོང་ཡུལ་གྱི་སྔོ་སྨན་ངོས་འཛིན་གཅིག་གྱུར་ཏུ་གཏོང་བ་དང་གསུམ་བཅས་ཀྱི་དགེ་མཚན་ཆེན་པོ་ལྡན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com