རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ཀན་ལྷོའི་རྣམ་ཐར་ཟློས་གར་གྱི་དར་སྤེལ་ལ་རྒྱབ་སྐྱོར་གནང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-05 12:27:00 ཀློག་གྲངས།:

藏族古老藏戏南木特
ཀན་ལྷོའི་དམངས་ཁྲོད་ཀྱི་ཟློས་གར་ཚོགས་པས་ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།(རྒྱུ་ཆའི་པར་རིས།)

  ད་ལོར་རྒྱལ་ཁབ་ཀྱིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཏེ་ཀན་ལྷོའི་རྣམ་ཐར་ཟློས་གར་གྱི་འཛིན་སྤེལ་ལ་མ་དངུལ་སྒོར་ཁྲི162བཏང་ནས་ཉམས་མེད་དུ་འགྲོ་བཞིན་པའི་རྣམ་ཐར་གྱི་འཁྲབ་ཚན་དག་ཡིག་ཐོག་ཏུ་བཀོད་པ་དང་། འཁྲབ་སྟོན་ཚོགས་པར་སྟེགས་བུ་བསྐྲུན་པ། འཁྲབ་སྟོན་སྒྲིག་གཞི་འདོན་སྤྲོད་བྱེད་པ། འཁྲབ་སྟོན་མི་སྣ་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཐད་ཤུགས་བསྣན། དེ་ནི་ཡུལ་དེ་གའི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཟློས་གར་དེ2010ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བཞག་པའི་རྗེས་སུ་ཐེངས་དང་པོར་རྒྱལ་ཁབ་ཀྱི་མ་དངུལ་རྒྱབ་སྐྱོབ་ཐོབ་པ་ཡིན།
  འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བླ་བྲང་དགོན་པས་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་ལགས་ཀྱི་གྲྭ་བཙུན་རྣམས་ལ་ཟློས་གར་འཁྲབ་སྟོན་བྱེད་པའི་བཀའ་བསྩལ་པས། འཆམ་གྱི་འཁྲབ་སྟངས་གཞིར་བྱས་ཐོག  བོད་ལྗོངས་ཀྱི་ཟློས་གར་འཁྲབ་སྟངས་ལ་ཟུར་ལྟ་དང་། ཀན་ལྷོའི་དམངས་ཁྲོད་ཀྱི་ཞབས་བྲོ་དང་སྒྲུང་གྱེར་བཤད་ཀྱི་སྒྱུ་རྩལ་སྡུད་ལེན་བྱས་པ། ཞོར་དུ་རོལ་མོའི་ཚན་སྡེབ་ཆུང་ཤོས་ཤིག་གིས་རམ་འདེགས་བྱས་ནས1946ལོར་ཀན་ལྷོའི་རྣམ་ཐར་ཟློས་གར་དང་པོ་སྟེ“སྲོང་བཙན་སྒམ་པོ” འཁྲབ་སྟོན་བྱས།
  ཀན་ལྷོའི་རྣམ་ཐར་ཟློས་གར་ནི་མདོ་སྨད་ཀྱི་ཟློས་གར་གྱི་མཚོན་བྱེད་དུ་གྱུར་ཞིང་། མིག་སྔའི་བར་དུ་ཀན་ལྷོའི་བསང་ཆུ་དང་། གཙོད། ཀླུ་ཆུ་སོགས་སུ་བོད་ཀྱི་དམངས་ཁྲོད་ཟློས་གར་ཚོགས་པ36ཡོད་པ་རེད།
  རྣམ་ཐར་ཟློས་གར་བྱུང་བ་ནས་དུས་རབས་སྔོན་མའི་ལོ་རབས80པའི་བར་ཏེ་བགྲང་བྱ་སུམ་ཅུའི་རིང་། ཀན་ལྷོའི་རྣམ་ཐར་ཟློས་གར་ལ《སྲོང་བཙན་སྒམ་པོ》དང་། 《ཆོས་རྒྱལ་ནོར་བཟང》། 《རཱ་མ་ཎ》། 《རྒྱལ་བུ་དད་པ་བརྟན་པ》། 《བདུད་འདུལ》སོགས་འཁྲབ་ཚན8འདུས་ཤིང་། གཙོ་བོ་ལོ་རྒྱུས་དང་། ལྷ་སྒྲུང་། བྱུང་བརྗོད་སྙན་ངག་བཅས་བརྗོད་བྱ་གསུམ་དུ་བཀར་འདུག་ལ། 2010ལོར་འགྲེམ་སྤེལ་བྱས་པའི《རྣམ་ཐར་ཟློས་གར་གྱི་འཁྲབ་གཞུང་གཅེས་བསྡུས》ཞེས་པའི་ཁྲོད་སྲོལ་རྒྱུན་གྱི་འཁྲབ་ཚན15འདུས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།