མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་སྐབས་གཉིས་པའི་འཐུས་མི་ཚོགས་ཆེན་བསྡུས་པ།
སྟེགས་བུའི་སྟེང་གི་དབུ་ཁྲིད་རྣམ་པ།
ཟླ11པའི་ཚེས16ཉིན་གྱི་སྔ་མོའི་དུས་ཚོད10ཡི་སྟེང་། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་ཆེན་མོའི་ཉེ་འཁོར་ནས། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་སྐབས་གཉིས་པའི་འཐུས་མི་ཚོགས་ཆེན་བསྡུས། ཞིང་ཆེན་ཕྱི་ནང་ནས་ཕེབས་པའི་ཚོགས་ཞུགས་སྐུ་མགྲོན་གྱིས་གྲུབ་པའི་ཚོགས་འདུའི་མདུན་ཕྱོགས་སྟེགས་བུར་ཕེབས་པའི་དབུ་ཁྲིད་པ་རྣམས་ནི། མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་གཙོ། རྗེ་ཙོང་ཁ་བ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་གེ་སར་སློབ་ཚོགས་ཀྱི་ཚོགས་གཙོ་གཅོད་པ་དོན་འགྲུབ་ལགས་དང་། སྔོན་ཆད་མཚོ་སྔོན་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་དང་། བོད་ཀྱི་རྩོམ་པ་པོ་སྐལ་བཟང་རྡོ་རྗེ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་བསོད་ནམས་རྩེ་མོ། (ཧོར་རིགས) མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི་འགོ་གཙོ་ཀྲོ་ཙོང་ཧྥོས།(རྒྱ་རིགས) མཚོ་སྔོན་ཞིང་ཆེན་རྩོམ་རིགས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལཱིས་ཤོ་ཡན། (རྒྱ་རིགས) སོགས་ཡིན་ལ། ཀྲོ་ཙོང་ཧྥོས་ཀྱིས་ཚོགས་ཆེན་འདིའི་གཙོ་སྙིང་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱི་འདས་པའི་ལོ་ལྔའི་རིང་གི་བྱ་བའི་སྤྱི་སྡོམ་དང་། མ་འོངས་པའི་བྱ་བའི་འཆར་གཞི་ཡིན་པ་ཁྱབ་སྒྲོག་གིས་ཚོགས་མགོ་བརྩམས།
གཅོད་པ་དོན་འགྲུབ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
བོད་ཀྱི་གླིང་གེ་སར་རིག་གནས་ཞིབ་འཇུག་པ་ཆེན་མོ་དང་། གེ་སར་སྒྲུང་སློབ་ཚོགས་ཀྱི་གཙོ་འཛིན་གཅོད་པ་དོན་འགྲུབ་ལགས་ཀྱིས་འདས་པའི་ལོ་ངོ་ལྔའི་རིང་གི་སློབ་ཚོགས་ཀྱི་གཙོ་འགན་བཞེས་པའི་ཁྲོད་ཀྱི་བྱ་བའི་རྒྱུད་རིམ་དང་། བྱ་བའི་གྲུབ་འབྲས་མངོན་གསལ་ཅན་བླངས་པའི་སྐོར་ཁྱབ་སྒྲོག་དང་། མ་འོངས་བྱ་བའི་འཕེལ་ཕྱོགས་སྐོར་ནས་གཏམ་བཤད་གནང་། དགེ་རྒན་ཆེན་མོ་སྟོབས་ལྡན་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་པའི་མ་འོངས་ལོ་ལྔའི་བྱ་བའི་སྒྲིག་འཛུགས་དང་འཆར་གཞི་ཁྱབ་སྒྲོག་མཛད་པ་སོགས་ཀྱི་བརྒྱུད་རིམ་འོག་ནས། གླིང་གེ་སར་ཞིབ་འཇུག་པ་ཆེན་མོ་གཅོད་པ་དོན་གྲུབ་སླར་ཡང་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱི་ཚོགས་གཙོ་ཆེན་མོར་བདམས་ཐོན་བྱུང་བ་དང་། སྙིང་པོ་ཚེ་རིང་སོགས་རྒྱུན་ལས་ལས་འཛིན་མི18བདམ་ཐོན་བསྐོ་བཞག་དང་། མགོ་ལོག་པྲ་སྒྲུང་བ་ཚེ་སྒྲུབ་སོགས་ཞིང་ཆེན་ནང་ཁུལ་གྱི་སྒྲུང་མཁན་དང་། གེ་སར་སྒྱུ་རྩལ་བ་མང་པོའི་ཁར་གོང་གི་རྒྱུན་ལས་རྣམ་པ་འདུས་པའི་མི62རྒྱུན་ལས་པར་བསྐོ་བཞག་བདམས་ཐོན་ཁྱབ་སྒྲོག་ལ་ཚོགས་མི་ཡོངས་ཀྱིས་མཐེབ་མོའི་སྡེབ་སྒྲ་བསྒྲགས།
ཚོགས་ཞུགས་པ་དག་གི་ཟུར་དངོས།
མཇུག་མཐར་ཚོགས་གཙོ་གཅོད་པ་དོན་འགྲུབ་ལགས་ཀྱིས་གླིང་གེ་སར་རིག་གནས་ནི་བོད་མི་རིགས་སྤྱིའི་ཐུན་མོང་གི་རིག་གནས་ཡིན་པ་དང་། གླིང་གེ་སར་རིག་གནས་ལ་གྲུབ་མཐའ་མེད་པ་སོགས་ནས་བརྩམས་མ་འོངས་པའི་གླིང་གེ་སར་ཁྱབ་སྒྲོག་གི་བྱ་བར་ཚོགས་མི་ཡོངས་ཀྱིས་ནུས་ཤུགས་འདོན་དགོས་པའི་སྐོར་ནས་གསུང་བཤད་གལ་ཆེན་གནང་བ་སོགས་རྒྱལ་ཁའི་ངང་གྲོལ།
ཉི་དྲོས་ཚོགས་མི་ལྷན་རྒྱས་ནས་མཉམ་གཅིག་ཏུ་གསོལ་སྟོན་ལ་རོལ་བཞིན། མགོ་ལོག་ལུང་སྔོན་དགོན་པའི་སྤྲུལ་སྐུ་དབྱིངས་པོས་བརྩམས་པའི་གླིང་གེ་སར་རྒྱལ་པོ་ལ་བརྟེན་པའི་འབོད། ལུང་སྔོན་དགོན་པའི་ཚོགས་ཆེན་དབུ་མཛད་གཅོད་བཟང་ལགས་ཀྱིས་གསུང་དབྱངས་ལ་དྲངས་ཏེ་གསུངས་པ་དང་། གཞན་གླིང་སྒྲུང་ཞིབ་འཇུག་པ་སྙིང་པོ་ཚེ་རིང་སོགས་ཀྱིས་སྒྲུང་དབྱངས་གྱེར་བའི་ཀློང་ནས་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཐེངས་གཉིས་པའི་འཐུས་མི་ཚོགས་ཆེན་གྱི་མཇུག་རྟེན་འབྲེལ་གྱི་སྣང་བས་བསྡུས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com