ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གསུང་འབུམ་འགྲེམ་སྤེལ་དང་བོད་རིག་པའི་གཞུང་བརྒྱའི་བགྲོ་གླེང་།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-11 10:51:00 ཀློག་གྲངས།:

དོན་གྲུབ་རིན་ཆེན་གྱི་གསུང་འབུམ་འགྲེམ་སྤེལ་དང་བོད་རིག་པའི་གཞུང་བརྒྱའི་བགྲོ་གླེང་།
ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གསུང་འབུམ་པར་སྐྲུན་འགྲེམ་སྤེལ་དང་བོད་
རིག་པའི་གཞུང་བརྒྱའི་བགྲོ་གླེང་ཐེངས་གཉིས་པའི་ཚོགས་ཆེན།

        ཟླ12པའི་ཚེས8དེ་བོད་ལུགས་ཀྱི་ཟླ10བའི་ཚེས25ཉིན། བོད་རྒྱུད་ནང་བསྟན་དགེ་ལུགས་གྲུབ་མཐའི་སྲོལ་འབྱེད་པ་རྗེ་ཙོང་ཁ་པ་ཆེན་མོ་མྱ་ངན་ལས་འདས་པའི་རྗེས་དྲན་ཉིན་མོར། མཚོ་སྔོན་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་དང་མཚོ་སྔོན་སྲོང་བཙན་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་གཉིས་མཉམ་འབྲེལ་སྒོས་ཉིན་གཉིས་ཀྱི་རིང་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གསུང་འབུམ་པར་སྐྲུན་འགྲེམ་སྤེལ་དང་བོད་རིག་པའི་གཞུང་བརྒྱའི་བགྲོ་གླེང་ཐེངས་གཉིས་པའི་ཚོགས་ཆེན་ཟི་ལིང་དུ་བསྡུས་པ་རེད།
        མཚོ་སྔོན་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གཅོད་པ་དོན་གྲུབ་ཀྱིས་ཚོགས་འདུ་ལ་མདོ་འཛིན་མཛད་ཅིང་། པེ་ཅིང་དང་། བོད་ལྗོངས། ཀན་སུའུ། སི་ཁྲོན། མཚོ་སྔོན་སོགས་ས་ཁུལ་གྱི་ཆེད་མཁས་པ་དང་ཤེས་ཡོན་པ། དེ་མིན་རྒྱལ་ཡོངས་མི་རིགས་སློབ་ཆེན་སོ་སོའི་འབུམ་རམས་པ་དང་རབ་འབྱམས་པ་སོགས་བསྡོམས་པས་མི200ལྷག་ཐེངས་འདིའི་ཚོགས་ཆེན་དུ་ཞུགས།
        ཚོགས་ཐོག་ཏུ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གསུང་འབུམ་པར་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་དང་། སྲོང་བཙན་ཤེས་རབ་བྱ་དགའ། བོད་རིག་པའི་གཞུང་བརྒྱའི་བགྲོ་གླེང་ཐེངས་གཉིས་པའི་ཚོགས་ཆེན་བཅས་བྱ་འགུལ་སྤེལ་བ་དང་། སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོ་རུ་བྱས་རྗེས་གཟེངས་སུ་ཐོན་པའི་འོད་ཚོགས་ཆེན་སོགས་མི14དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཐུན་མོང2ལ་བྱ་དགའ་དང་རྟགས་དངུལ་གནང་།
        བགྲོ་གླེང་ཚོགས་འདུ་ལ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་བརྟན་དང་མཚོ་སྔོན་སྲོང་བཙན་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིའི་ལས་འཛིན་པ་ལྷན་ཚོགས་ཀྱི་འགོ་འཛིན་སྤྲིན་གྱི་མེ་ཏོག་གཉིས་ཀྱིས་མདོ་འཛོན་མཛད།  དེར་ཆོས་ལུགས་ཁྱབ་ཁོངས་ཀྱི་མིང་གྲགས་མི་སྣ་མཁན་པོ་བསོད་ནམས་དར་རྒྱས་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་པ་གཅོད་པ་དོན་གྲུབ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་བྷོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བློ་བཟང་། སི་ཁྲོན་སེར་ཤུལ་དགོན་པའི་དགེ་བཤེས་བསོད་ནམས། རོང་བོ་དགོན་པའི་དགེ་བཤེས་ཡོན་ཏན་རྒྱ་མཚོ་སོགས་དང་ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་སྤྱི་ཚོགས་དང་། ཆོས་ལུགས།  དཔལ་འབྱོར།  བརྡ་སྤྲོད། ལོ་རྒྱུས། གེ་སར། རྩོམ་རིག  བོད་སྐད་ཆ་འཕྲིན་སོགས་ཞིབ་འཇུག་ཁྱབ་ཁོངས་སོ་སོར་རང་འགུལ་གྱིས་རིན་ཐང་ལྡན་པའི་བསམ་ཚུལ་བཏོན་ཏེ་མྱོང་ཚོར་བརྗེ་རེས་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།