དགེ་རྒན་དོན་གྲུབ་ཚེ་རིང་གིས་བོད་ཀྱི་ཡིག་གཟུགས་འབྲི་སྟངས་ཐད་ཀྱི་འཆད་ཁྲིད་གནང་།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-26 09:04:00 ཀློག་གྲངས།:

དགེ་རྒན་མཚོ་སྐྱེས་དོན་གྲུབ་ཚེ་རིང་གིས་བོད་ཀྱི་ཡིག་གཟུགས་འབྲི་སྟངས་ཐད་ཀྱི་འཆད་ཁྲིད་གནང་།
དགེ་རྒན་དོན་གྲུབ་ཚེ་རིང་ལགས་ཀྱིས་གསལ་ཆ་དོད་པའི་སྒོ་ནས་
ཡིག་གཟུགས་འབྲི་སྟངས་སྐོར་གྱི་འཆད་ཁྲིད་གནང་བཞིན་པ།

        དགེ་རྒན་ཞིག་གི་ཡིག་གཟུགས་འབྲི་སྟངས་ཀྱིས་སློབ་བུ་ཞིག་གི་མི་ཚེའི་བྲིས་གཟུགས་ཐད་ལ་གཏིང་ཟབ་པའི་ཤུགས་རྐྱེན་དང་བག་ཆགས་འཇོག་སྲིད་པ་དང་། ཡིག་གཟུགས་ལེགས་པོ་འཁྱོངས་པ་དེས་སློབ་བུའི་སློབ་སྦྱོང་གི་མོས་འདུན་དང་མཛེས་འཛིན་གྱི་ལྟ་བ་ལ་ཡང་ཤུགས་རྐྱེན་མི་དམན་པ་ཞིག་འཇོག་ངེས་པས། སྔོན་བྱོན་མཁས་པས་ཀྱང“འཆད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན།། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།། རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན།། སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན།།”ཞེས་པ་ལྟར་དུ་བྲིས་ལེགས་དགོས་པའི་ཕྱོགས་སུ་གལ་ཆེན་གྱི་གཏམ་རྨ་མེད་པ་གསུངས་པས་ཀྱང་ཤེས།  དེ་བས་དགེ་རྒན་རྣམ་པས་ཡིག་གཟུགས་ལེགས་པོ་ཞིག་འབྲི་རྒྱུ་ནི་དགེ་རྒན་གྱི་སྤྱིའི་སྤུས་ཚད་ཐད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སློབ་མར་སྣེ་ཡག་པོ་ཞིག་ཁྲིད་པའི་ཐོག་མའི་གོམ་པའང་ཡིན། ལྷག་པར་དེང་གི་གློག་ཀླད་བྲིས་གཟུགས་དང་ཡི་གེ་གློག་ཀླད་དུ་འཇུག་ཐབས་ས་ཁྱབ་རྡོ་ཁྱབ་དུ་སོང་དང་འགྲོ་བཞིན་པའི་དུས་འདིར། དགེ་སློབ་ཀུན་གྱི་ལག་བྲིས་ཕྱོགས་སུ་ཤུགས་རྐྱེན་བཟོས་དང་བཟོ་མུས་སུ་མཆིས།


དགེ་རྒན་རྣམ་པའི་ཁོང་གསེང་དུ་འཛུལ་ནས་ལག་ལེན་དམར་ཁྲིད་བྱེད་པ། 

        གནས་ཚུལ་དེར་དམིགས་ནས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་བོད་ཡིག་དགེ་རྒན་དང་སྐད་གཉིས་དགེ་རྒན་གྱི་བྲིས་གཟུགས་ཐད་ནས་ཡར་ཐོན་དང་འཕེལ་རྒྱས་ཡོང་བ་དང་སློབ་མ་ཚང་མར་ཡང་ཚད་ལྡན་གྱི་ཡིག་གཟུགས་ལེགས་པོ་ཞིག་འབྲི་བའི་སྲོལ་བཟང་བོ་ཞིག་དར་སྤེལ་བྱ་ཆེད།  ཟླ4པའི་ཚེས20དང21གི་ཉིན་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་དོན་གྲུབ་ཚེ་རིང་ལགས་གདན་ཞུ་བྱས་ཏེ།  སྔ་དྲོ་དང་ཕྱི་དྲོའི་སློབ་ཐུན་བཅུ་ཙམ་གྱི་གསེར་ལས་དཀོན་པའི་དུས་ཚོད་སྤྱད་ནས་བོད་ཡིག་དགེ་རྒན་དང་སྐད་གཉིས་དགེ་རྒན་དག་ལ་བོད་ཡིག་ཡིག་གཟུགས་སྐོར་གྱི་འཕེལ་འགྱུར་ལོ་རྒྱུས་ཀྱི་རིག་པའི་གཞུང་ལུགས་དང་ལག་ལེན་དམར་ཁྲིད་བྱས། ད་ལྟའི་བོད་ཁུལ་སློབ་གྲྭ་སོ་སོའི་མིག་སྔའི་གནས་བབ་ལ་གཞིགས་ནས་བོད་ཡིག་ཡིག་གཟུགས་སྐོར་གྱི་དགོས་གལ་རང་བཞིན་དང་མཐོང་ཆེན་རང་བཞིན་སོགས་ཀྱི་ཐད་ནས་རགས་བསྡུས་དང་གཏན་ཚིགས་ལྡན་ཞིང་གནད་ལ་འཁེལ་བའི་འཆད་ཁྲིད་དྲི་མ་མེད་པ་གནང་། ལྷག་པར་རྒན་ལགས་ཀྱིས་དཀའ་ངལ་སྐུ་ཚེགས་ལ་མ་འཛེམ་པར་དགེ་རྒན་རེ་རེའི་ཡིག་གཟུགས་འབྲི་སྟངས་ལ་ཐེ་གཏོགས་ནན་མོ་བྱས་ནས་མི་འདང་ས་དང་བཅོས་བསྒྱུར་བྱེད་དགོས་ས། མཉམ་འཇོག་བྱེད་དགོས་ས་སོགས་ཀྱི་ཤ་ཚ་བའི་གསུང་བཤད་གནང་ཞོར་དགེ་རྒན་རྣམ་པའི་ཁྲོད་དུ་ཞུགས་ནས་ཡིག་གཟུགས་འབྲི་སྟངས་ཐད་ཀྱི་བརྒྱུད་རིམ་རེ་རེ་དང་སྨྱུག་ཁ་སྐོར་ཚུལ་སོགས་མ་གསང་བུམ་པ་གང་བྱོའི་ཚུལ་དུ་ཁྲིད་སྟོན་བྱས། རེབ་འདིའི་འཆད་ཁྲིད་ཀྱིས་དགེ་རྒན་ཀུན་གྱི་ཡིག་གཟུགས་རིག་གནས་ཐད་ལ་གསར་བརྗེ་ཐེངས་ཤིག་དང་ཡར་སྐུལ་གྱི་ནུས་པ་འགངས་ཆེན་ཐོན་པ་མ་ཟད་སློབ་གསོའི་འདུ་ཤེས་ཐད་ལ་བློ་སྐྱེད་དང་ཚ་བེར་བེར་གྱི་འབོད་སྐུལ་ཐེངས་ཤིག་ཀྱང་བཏང་བ་རེད།


རྒན་ལགས་ཀྱི་སོར་མོའི་སྟངས་སྟབས་བར་ནས་ཡིག་འབྲུའི་མེ་ཏོག་ལྷུག་པོར་འཛུམ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།