ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས “དབྱར་ཟླ་ལྔ་བའི་ལང་ཚོ”ཞེས་པའི་རིག་རྩལ་འཁྲབ་སྟོན་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-04 08:50:00 ཀློག་གྲངས།:


བྲོ་ར་ཕྲ་མོ་ཞེས་པའི་ཞབས་བྲོ་འདིས་ཀུན་གྱི་མིག་དབང་ཅིག་ཅར་དུ་འཕྲོག

        དབྱར་ཟླ་ལྔ་བར་ཁུ་བྱུག་གི་གསུང་དབྱངས་སྙན་མོ་མཐའ་ཡས་འཛིན་མའི་ཁྱོན་ལ་ལྷང་ལྷང་མཆེད་པའི་དུས་ཚིགས་འདིར། སྣ་ཚོགས་དཀར་དམར་མེ་ཏོག་གི་དྲི་བསུང་གིས་ཡོད་ཚད་ལ་སྔོ་ལྗང་གི་འཇིག་རྟེན་གསར་བའི་དཔལ་ཡོན་བསྐྲུན་པའི་བར་གླགས་འདིར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཟླ5བའི་ཚེས་མགོར། དབྱར་ཟླ་ལྔ་བའི་ལང་ཚོ་ཞེས་པའི་རིག་རྩལ་སྤྲོ་ཚོགས་ཤིག་ཁྲི་ཀ་རྫོང་གི་རིག་གནས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས།


མ་བཅོས་སེམས་ཀྱི་གླུ་ཆུང་འདིར་བཞུགས་ཁྲོམ་ལ་འབུལ།

        གཞི་ཁྱོན་ཆེ་ཞིང་ཁོར་ཡུག་མཛེས་པའི་རིག་གནས་ཐང་ཆེན་དུ་སྔ་དྲོའི་དུས་ཚོད10ནས་བཟུང་ཁྲི་ཀ་རྫོང་གི་མང་ཚོགས་རྣམས་རྒན་སྐྱོར་བྱིས་ཁྲིད་དང་ན་གཞོན་ཕོ་མོ་ཚང་མས་གོམ་ཁའི་འདེགས་འཇོག་གནས་དེར་བསྒྱུར་ཏེ་ལྟད་མོ་ལྟ་བར་གྲ་སྒྲིག་བྱས་ནས་འདུག  ཕྱི་དྲོའི་དུས་ཚོད2:30སྟེང་དབྱར་ཟླ་ལྔ་བའི་འགྱུར་ཁུགས་ཞེས་པའི་ཡིད་འཕྲོག་གི་བྲོ་གར་དེས་རེབ་འདིའི་རིག་རྩལ་སྤྲོ་ཚོགས་ཀྱི་སྒོ་མོ་ཡོངས་སུ་ཕྱེས་པ་རེད།


ཐུན་མིན་འབའ་ཐང་གི་ཞབས་བྲོས་འཁྲབ་སྟོན་པ་རྣམས་མཛེས་པར་སྤུད།

        རྒྱལ་སྤྱིའི་ལྔ་གཅིག་ངལ་རྩོལ་དུས་ཆེན་དང་ལྔ་བཞིའི་ན་གཞོན་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་དུ། མཚོ་སྔོན་ཁྲི་ཀ་རྫོང་གི་རིག་གནས་ཁང་།  རྫོང་གུང་གཞོན་ཚོགས་པའི་རྩ་འཛུགས་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རོགས་སྒྲུབ་འོག་ནས་ཐེངས་གསུམ་པར་སློབ་གྲྭས་ཕྱི་ཕྱོགས་ནས་ཁྲི་ཀའི་ལས་བྱེད་མི་སྣ་ཡོངས་དང་ལས་བཟོ་བ་ཡོངས། རིམ་པ་སོ་སོའི་ངལ་རྩོལ་བ་ཡོངས་ལ་ལྷག་བསམ་རྣམ་དག་གིས་ཁམས་བདེའི་འཚམས་འདྲི་དང་དུས་ཆེན་ལ་རྟེན་འབྲེལ་གྱི་ཚབ་ཏུ་དབྱར་ཟླ་ལྔ་བའི་ལང་ཚོ་ཞེས་པའི་རིག་རྩལ་སྤྲོ་ཚོགས་འདི་བསྡུས་པ་ཡིན།

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས “དབྱར་ཟླ་ལྔ་བའི་ལང་ཚོ”ཞེས་པའི་རིག་རྩལ་འཁྲབ་སྟོན་སྤེལ།
མདོ་དབུས་ཁམས་གསུམ་གྱི་ཁྱད་ཆོས་མངོན་པར་དོད་པའི་རྒྱན་གོས་ཤོམ་སྟོན།

        རེབ་འདིའི་འཁྲབ་སྟོན་གྱིས་ཁྲི་ཀ་རྫོང་གི་རིག་གནས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་ཚོན་མདངས་རྣམ་པར་བཀྲ་བའི་ཕྲ་རྒྱན་ཞིག་སྤྲས་ཤིང་།  འགན་ཁུར་བ་དང་རིག་རྩལ་འཁྲབ་སྟོན་ལ་ཞུགས་པའི་དགེ་སློབ་ཡོངས་ཀྱིས་ཀྱང་བྱ་འགུལ་འདིའི་མགོ་མཇུག་བར་གསུམ་ལ་དཀའ་སྡུག་གི་རྔུལ་ཆུ་གྲངས་མེད་ཅིག་གཏོར་བས་རིག་གནས་ཐང་ཆེན་དུ་རིག་རྩལ་སྤྲོ་ཚོགས་རྒྱལ་ཁའི་ངང་ཚོགས་ཐུབ་པ་བྱུང་།


རེབ་འདིའི་རིག་རྩལ་འཁྲབ་སྟོན་གྱི་ཚོགས་མི་བ་ལྷན་རྒྱས།

        ཐེངས་འདིའི་རིག་རྩལ་འཁྲབ་སྟོན་གྱི་ནང་དོན་ཐད་ལ་མི་རིགས་ཞབས་བྲོ་དང་གླུ་དབྱངས། དམངས་གླུ  དེང་གཞས། སྲོལ་རྒྱུན་བཤད་པ། རྒྱན་གོས་འཁྲབ་སྟོན་སོགས་ལེ་ཚན21ཙམ་འདུས་པ་དང་། སློབ་བུ་དག་གི་མཉེན་ལྕུག་ལྡེམ་མྱུར་དང་མཛེས་ཉམས་དོད་པོ། གྲལ་དག་ཅིང་མིག་ལ་མཛེས་པའི་གཟབ་འཕྱོར་འཁྲབ་གོས། སྤྲོ་ཉམས་རྒྱས་པའི་འཁྲབ་སྟོན་སོགས་ཀྱིས་མི་རིགས་རིག་གནས་ཀྱི་གཟི་དཔལ་ཡོངས་ནས་མངོན་ཞིང་། དེང་རབས་བོད་ཀྱི་བྱིས་པ་དག་གི་ལང་ཚོའི་ངར་ཤུགས་ཐོལ་གྱིས་བརྡོལ་བས་གོང་རིམ་འགོ་ཁྲིད་དང་རྒྱ་ཆེ་བའི་ལྟད་མོ་བ་རྣམ་པས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། ད་བར་དུ་འདི་ལྟ་བུའི་རིག་རྩལ་གྱ་ནོམ་པ་ཞིག་མང་ཚོགས་ཡོངས་ཀྱི་སྤྱན་ལམ་དུ་བསྟན་མ་མྱོང་ཞེས་བསྟོད་པའི་མཐེ་བོང་དང་དགའ་མགུའི་བསྔགས་ཚིག་ཇི་སྙེད་ཅིག་གཏོར་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།