ཁྲིམས་ལུགས་རིག་པའི་འབུམ་རམས་པ་ལུང་བ་རིན་ཆེན་གྱིས་བོད་དུ་ཁྲིམས་ལུགས་དཔལ་ཡོན་དར་བའི་འཕེལ་རིམ་གླེང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-27 10:22:00 ཀློག་གྲངས།:
  ཟླ5པའི་ཚེས17ཉིན། ནུབ་བྱང་མི་རིགས་སློབ་ཆེན་ཁྲིམས་ལུགས་རིག་པའི་སློབ་གླིང་གི་དགེ་རྒན་ནམ་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ལུང་བ་རིན་ཆེན་ལགས་ཀྱི《བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་ལུགས་ཞིབ་འཇུག་དང་སྦྲགས་བོད་དུ་ཁྲིམས་ལུགས་ཀྱི་དཔལ་ཡོན་དར་བའི་འཕེལ་རིམ་གླེང་བ》ཞེས་པའི་འབུམ་རམས་པའི་མཐར་ཕྱིན་དམ་བཅའ་བདེ་བླག་ངང་འཇོག་ཐུབ་པ་བྱུང་ཞིང་། ཁོང་གིས་རྒྱལ་ཁབ་ཕྱི་ནང་དུ་ཐེངས་དང་པོར་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་ཁྲིམས་ལུགས་ཀྱི་ཆེད་ལས་ཤེས་བྱ་རྨང་གཞི་བྱས་ཐོག  བོད་ཀྱི་རིག་གནས་དང་ཁྲིམས་ལུགས་རིག་པ། ལོ་རྒྱུས་རིག་པ། མི་རིགས་རིག་པ། ཆོས་ལུགས་རིག་པ་སོགས་རིག་ཚན་མང་པོའི་ངོས་ནས་བོད་ཀྱི་ཁྲིམས་ལུགས་དཔལ་ཡོན་གྱི་ལོ་རྒྱུས་འཕེལ་རིམ་ལ་ཞིབ་འཇུག་བྱེད་པའི་ཤོག་ལྷེ་གསར་བ་ཞིག་བྲིས་པ་རེད། ཁོང་གི་ཞིབ་འཇུག་གིས་རིག་གཞུང་ཁྱབ་ཁོངས་སུ་བཙན་པོའི་རྒྱལ་རབས་སྐབས་ཀྱི་བཅའ་ཁྲིམས་ལམ་ལུགས་ལ་ཞིབ་འཇུག་བྱེད་པའི་སྟོང་ཆ་དང་། བོད་ཀྱི་ཁྲིམས་ལུགས་དཔལ་ཡོན་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཞིབ་འཇུག་བྱེད་པའི་སྟོང་ཆ་བསྐངས་པ་རེད།
  ཐེངས་འདིའི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་གྱི་དམ་བཅའ་འཇོག་པའི་ཨུ་ཡོན་ལྷན་ཚོགས་སུ་པེ་ཅིང་ཚོང་ལས་དོ་དམ་གྱི་ལས་བྱེད་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཆཱང་ལེ་ལགས་དང་། ཀྲུང་གོའི་ཁྲིམས་ལུགས་ལོ་རྒྱུས་ཀྱི་འབུམ་རམས་པ་དང་པོའམ་ཀྲུང་གོ་སྲིད་ཁྲིམས་སློབ་གླིང་གི་གླིང་གཙོ་གཞོན་པ་ཀྲུའུ་ཡཱོང་ལགས། མི་རིགས་རིག་པའི་ཆེད་མཁས་གྲགས་ཅན་ནམ་ནུབ་བྱང་སྲིད་ཁྲིམས་སློབ་ཆེན་མི་རིགས་ཁྲིམས་ལུགས་ཞིབ་འཇུག་ཁང་གི་འགོ་གཙོ་ཡོན་ཏན་རྒྱ་མཚོ་ལགས། ཕྱིའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལོ་རྒྱུས་ཀྱི་ཆེད་མཁས་གྲགས་ཅན་ཙཱིན་ཨར་ཧྲུའུ་ལགས། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་ཁྲིམས་ལུགས་ལོ་རྒྱུས་རིག་པའི་ཞིབ་འཇུག་གླིང་གི་འབུམ་རམས་པའི་སློབ་སྟོན་དགེ་རྒན་ལཱིག་ཀོང་ཨན་ལགས་བཅས་ཞུགས་ཡོད་པ་རེད།
  ལུང་བ་རིན་ཆེན་ལགས་ཀྱིས་བཙན་པོའི་རྒྱལ་རབས་སྐབས་དཔལ་ཡོན་དར་བའི་འཕེལ་རིམ་དང་། བསྐལ་བ་ཡ་ཐོག་གི་སྐབས་དང་གནའ་རབས་ཀྱི་ཁྲིམས་ལུགས་ཐོན་ཁུངས། བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་ལུགས་ཀྱི་འབྱུང་ཁུངས་དང་ཁྲིམས་འཛུགས་པའི་གཞི་བཅོལ་ས། བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་ལུགས། བཙན་པོའི་རྒྱལ་རབས་སྐབས་ཀྱི་ཆོས་ཁྲིམས་དང་ཀུན་སྤྱོད་ཁྲིམས་སྲོལ། བཙན་པོའི་རྒྱལ་རབས་སྐབས་ཀྱི་སྲིད་འཛིན་ཁྲིམས་ལུགས་དང་དམག་དོན་ཁྲིམས་ལུགས། བཙན་པོའི་རྒྱལ་རབས་སྐབས་ཀྱི་ཉེས་དོན་ཁྲིམས་ལུགས་དང་ཞུ་གཏུག་ལམ་ལུགས། བཙན་པོའི་རྒྱལ་རབས་སྐབས་ཀྱི་དམངས་དོན་ཁྲིམས་ལུགས། བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་ལུགས་ཀྱི་གཞི་རྩའི་རིན་ཐང་དང་ལོ་རྒྱུས་གོ་གནས། དེའི་ཤུགས་རྐྱེན་བཅས་ལེའུ་དགུ་རུ་བཀར་ནས་ཆེད་མཁས་རྣམས་ལ་མཐར་ཕྱིན་དཔྱད་རྩོམ་མཚམས་སྦྱོར་བྱས་པ་རེད།
  སྙན་ཞུ་བགྲོ་ཚོགས་ལ་ཞུགས་པའི་ཆེད་མཁས་རྣམས་ཀྱིས་ཁོང་གི་མཐར་ཕྱིན་དཔྱད་རྩོམ་ལ་གདེང་འཇོག་མཐོན་པོ་གནང་ཞིང་། ཆེད་མཁས་གྲགས་ཅན་ལྔ་བོས་ཁོང་གི་དཔྱད་རྩོམ་ལ་གནད་དུ་འཐིངས་པའི་དཔྱད་བརྗོད་སྤེལ་རྗེས་ཕུལ་བྱུང་གི་འཛིན་ཤོག་འཕངས་པས། ཁོང་གི་མཐར་ཕྱིན་དཔྱད་རྩོམ་གྱི་དམ་བཅའ་བདེ་བླག་ངང་འཇོག་ཐུབ་པ་བྱུང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།