ལྷ་སའི་ཁ་བྱང་གཅིག་པའི་སྙན་ངག་ལོ་མ་ལྗང་ཁུ་ཞེས་པའི་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་པ།
འགྲན་ཞུགས་པས་གྱེར་འདོན་བྱེད་བཞིན་པ།
འགྲན་ཞུགས་པས་གྱེར་འདོན་བྱེད་བཞིན་པ།
ཟླ9པའི་ཚེས23ཉིན། ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་སྐབས་གསུམ་པའི་ཁ་བྱང་གཅིག་པའི་སྙན་ངག་ལོ་མ་ལྗང་ཁུ་ཞེས་པའི་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ལྷ་ས་དགེ་འོས་སློབ་ཆེན་ཚོགས་ཁང་དུ་ཚོགས་ཤིང་།ཐེངས་འདིའི་འགྲན་ཚོགས་ནི་ལྷ་ས་དགེ་འོས་ཚགས་པར་རྩོམ་སྒྲིག་ཁང་དང་། ལྷ་ས་དགེ་འོས་གཡུ་ཆུང་དྲུག་དཀར་བོད་ཡིག་སྙན་ཚིག་གྱེར་འདོན་ཚོགས་པ། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་བོད་སྐད་ཡིག་ཚན་པ་བཅས་ཀྱིས་གཙོ་གཉེར་བྱས་ཤིང་།ཐེངས་འདིའི་དཔྱད་འདེམ་པ་ལྷ་ས་དགེ་འོས་སློབ་གྲྭའི་དགེ་རྒན་བོད་ཀྱི་སྙན་ངག་པ་བྱ་གཞུང་དབྱངས་བྷ།དཔྱད་བརྗོད་པ་ན་རོ་དང་།སེང་རྡོར།ནག་པོ།ས་དམར་གྲགས་པ།རྡོ་རང་སྐྱེད།དཔལ་བེའུ།སྤྲེལ་རྨོངས་སད།བྱ་ཁུ་ལུ་སོགས་ཡོད།
ཐེངས་འདིའི་མཛད་སྒོ་འདི་བོད་ཀྱི་ལྷ་མོའི་འཁྲབ་གཞུང་གིས་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེ་ཞིང་གར་དང་གླུ་དབྱངས།སྙན་ངག་གྱེར་འདོན་བཅས་ཀྱི་རྣམ་པའི་ཐོག་རྣམ་ཀུན་དང་མི་འདྲ་བར་ཚོགས་ར་ཡོངས་སུ་སྤྲོ་སྣང་དང་སེམས་ཤུགས་ཀྱིས་ཁེངས་པར་བྱས་ཤིང་།མ་འོངས་པར་ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་རྩོམ་རིག་ཞིང་སར་ལོ་ལེགས་ཀྱི་འབྲས་བུ་སྨིན་པའི་སྔ་ལྟས་ཤིག་ཀྱང་ཤུགས་ཀྱིས་མངོན་པར་བྱས།མདོ་འཛིན་པའི་སྙན་ལ་འགྱུར་ཁུགས་ལྡན་པའི་གཙོ་སྐྱོང་བརྒྱུད་སློབ་མ200ལྷག་གི་ཚོགས་ར་འདི་དགའ་བསུ་དང་བསྔགས་བརྗོད་ཀྱི་ཀི་སྒྲས་ཁྱབ་པར་བྱས་པ་དང་།སློབ་མ་ཀུན་གྱི་ངོ་གདོང་ན་སྤྲོ་བས་བརྟས་ཤིང་སླད་མར་དབུས་ལྷ་ལྡན་གྲོང་ནས་རྩོམ་རིག་གི་མཐོ་རླབས་གསར་པ་ཞིག་འཕྱུར་བར་སྔོན་འགྲོའི་སྟ་གོན་བྱེད་པ་དང་གཉིས་སུ་མ་མཆིས།
འགྲན་ཞུགས་པ་རྣམས་ལ་བྱ་དགའ་གནང་བ།
འགྲན་ཞུགས་པ་རྣམས་ལ་བྱ་དགའ་གནང་བ།
ཐེངས་འདིར་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་གཅིག་དང་།གཉིས་པ་ཐོབ་མཁན་གཉིས།གསུམ་པ་ཐོབ་མཁན་གསུམ།སྐུལ་ལྕགས་བྱ་དགའ་ཐོབ་མཁན་བཞི་བཅས་རེད།ཨང་དང་པོ་ཐོབ་མཁན་ནི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་ཚེ་རིང་བདི་སྐྱིད་ཡིན་པ་དང་།ཨང་གཉིས་པ་ཐོབ་མཁན་ནི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་བསྟན་འཛིན་ནོར་བུ་དང་བོད་ལྗོངས་གསོ་རིག་སློབ་གླིང་གི་རྡོ་རྗེ་རྒྱལ་བཅས་ཡིན།ཨང་གསུམ་པ་ཐོབ་མཁན་ནི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རྒྱགས་ལོད།བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་བཀྲ་ཤིས།བོད་ལྗོངས་གསོ་རིག་སློབ་གླིང་གི་ལྕགས་འབུམ་རྒྱལ་བཅས་ཡིན།སྐུལ་ལྕགས་བྱ་དགའ་ཐོབ་མཁན་ནི་བོད་ལྗོངས་སློབ་ཆེན་རང་བྱུང་རིག་པའི་སློབ་གླིང་གི་ཟླ་བ།ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་གསབ་བུ་རྡོ་རྗེ།ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་བྱམས་པ།ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སྤེན་དོན་བཅས་ཡིན།
བྱ་དགའ་ཐོབ་པའི་སློབ་མས་རང་རང་གི་མྱོང་ཚོར་གླེང་བཞིན་བརྩམས་ཟིན་པའི་ལས་ཀ་འདི་མཚམས་འཇོག་མེད་པར་མ་འོངས་པ་ན་རྩོམ་རིག་གི་ལམ་བུར་མུ་མཐུད་བསྐྱོད་རྒྱུའི་ཆོད་སེམས་ཡོད་ཅེས་བརྗོད་ཅིང་།ཐེངས་འདིའི་མཛད་སྒོ་འདི་བཞིན་དགའ་བསུ་དང་ཐལ་མོའི་རྡེབ་སྒྲའི་ཁྲོད་མཇུག་རྫོགས་པར་བྱས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com