《སློབ་རའི་ཉི་གཞོན་ཚགས་པར》གྱི་རྩོམ་ཡིག་བསྡུ་བའི་བརྡ་ཁྱབ་ཡི་གེ
རྒྱ་ཆེ་བའི་རྒན་གྱ་སློབ་ཁུལ་གྱི་སློབ་གྲྭ་སོ་སོའི་དགེ་རྒན་དང་སློབ་གྲོགས་རྣམ་པ་ལགས། དེ་རིང་ནས་བཟུང་རང་རེའི་སློབ་ཁུལ་གྱི་ཟླ་ཕྱེད་ཚགས་པར་《སློབ་རའི་ཉི་གཞོན་ཚགས་པར》ཞེས་པ་དངོས་སུ་འགྲེམ་སྤེལ་བྱེད་མགོ་བརྩམས་སོང་ལ། ཚགས་པར་འདི་ནི་སློབ་ཁུལ་ཡོངས་ལ་ཁ་ཕྱོགས་པའི་སྣ་འཛོམས་རང་བཞིན་ཅན་ཞིག་ཡིན་པས། ཁྱེད་དགེ་སློབ་ཡོངས་ཀྱིས་རང་རང་གི་སློབ་ཁྲིད་དང་སློབ་སྦྱོང་གི་ཞོར་དུ་རྒྱ་བོད་ཡིག་རིགས་གཉིས་གང་རུང་གི་ཐོག་ནས་རྩོམ་ཡིག་སྣ་ཚོགས་བྲིས་ཏེ 《སློབ་རའི་ཉི་གཞོན་ཚགས་པར》རྩོམ་སྒྲིག་ཁང་ལ་བསྐུར་ཡོང་བའི་རེ་འདུན་ཞུ། དེ་ཡང་ཅུང་གསལ་བོར་བཤད་ན། ཚགས་པར་འདི་ནི་ཉེ་ལམ་རང་རེའི་རྒན་གྱ་སློབ་ཁུལ་གྱི་སློབ་སྟོན་ཁང་གི་སློབ་སྟོན་པ་ཚེ་རིང་རྣམ་རྒྱལ་གྱིས་ཐུགས་རེ་བཏོན་པ་ལྟར་གསར་གཏོད་བྱས་པ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་སློབ་ཁུལ་གྱི་དགེ་སློབ་ཡོངས་ལ་ཤེས་རིག་གི་གཤོག་རྩལ་ངོམ་སའི་དགའ་ཚལ་ཡིད་དུ་འོང་བ་ཞིག་མཛེས་པར་བསྐྲུན་ཏེ། རང་རང་ཚང་མའི་སློབ་གསོ་དང་འབྲེལ་བའི་རྩོམ་ཡིག་སྣ་ཚོགས་ཚགས་པར་ཆུང་ཆུང་འདི་བརྒྱུད་ནས་རྒན་གྱ་ཞང་ཡོངས་དང་ད་དུང་དེ་ལས་བརྒལ་ཏེ་ཉེ་འཁོར་གྱི་སློབ་གྲྭ་མང་བོའི་དགེ་སློབ་དང་འགོ་ཁྲིད། མང་ཚོགས་མང་བོའི་མིག་གི་གསོས་སུ་འབུལ་ཐུབ་པའི་ཆེད་དུ་ཡིན།
དེ་དང་མཉམ་དུ་ཞུ་རྒྱུ་ཞིག་ཡོད་པ་ནི། ད་ལྟ་ནས་བཟུང་སྟེ། རང་རེའི་སློབ་ཁུལ་གྱི་སློབ་གྲྭ་སོ་སོའི་ལོ་རིམ་བཞི་བ་ཡན་གྱི་སློབ་མ་ཚང་མས་ཧུར་བརྩོན་ཆེན་པོས་རྩོམ་ཡིག་སྣ་ཚོགས་བྲིས་ཏེ《སློབ་རའི་ཉི་གཞོན་ཚགས་པར》 ཐོག་བསྐུར་དགོས་པར་མ་ཟད། འཛིན་གྲྭ་རང་རང་གི་སློབ་ཁྲིད་དགེ་རྒན་ཚོས་ཀྱང་ནན་ཏན་གྱི་སྒོ་ནས་སློབ་མ་རྣམས་ཀྱི་རྩོམ་ཡིག་ལ་ཞིབ་དཔྱད་གནང་སྟེ་མཛུབ་སྟོན་གཟབ་ནན་བྱ་དགོས། 《སློབ་རའི་ཉི་གཞོན་ཚགས་པར》 ལ་བསྐུར་ཡོང་བའི་རྩོམ་ཡིག་རེ་རེ་ཚང་མའི་མཇུག་ཏུ་རྩོམ་དེ་འབྲི་མཁན་སློབ་མ་དེའི་མིང་དང་སློབ་གྲྭའི་མིང་། འཛིན་གྲྭ་གང་ཡིན་གསལ་བོར་འབྲི་དགོས་པར་མ་ཟད། ད་རུང་སློབ་མ་དེའི་མཛུབ་ཁྲིད་དགེ་རྒན་གྱི་མིང་ཡང་གསལ་བོར་འབྲི་དགོས། བསྐུར་རྒྱུའི་རྩོམ་ཡིག་ནི་ཚིག་བཅད་དང་ཚིག་ལྷུག་གང་རུང་ཡིན་ཆོག་ལ། རིང་ཐུང་ཡིག་འབྲུ100ནས300ཡས་མས་གང་རུང་ཡིན་ཆོག ནང་དོན་གཙོ་བོ་ནི་མི་རང་རང་གི་སློབ་གསོའི་འཚོ་བ་དང་འབྲེལ་བ་ཡོད་པ་མཐའ་དག་བརྗོད་བྱར་འཛིན་རུང་ལ། རང་རང་གི་ཁོར་ཡུག་ནས་བྱུང་བའི་མཐོང་ཐོས་མྱོང་གསུམ་བྲིས་ཆོག་པར་མ་ཟད། དགེ་སློབ་རང་རང་གི་སེམས་ན་ལྷོག་ལྷོག་ཏུ་འཕྱུར་གྱིན་པའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྣ་ཚོགས་ཤོག་བུའི་ཐོག་ལ་ཡི་གེ་ཡི་གཟུགས་སུ་ཕབ་པའི་རི་མོ་གང་རུང་ཐམས་ཅད་ཡིན་ཆོག
གྲོགས་པོ་ཁ་ཤས་ཀྱིས་གློག་འཕྲིན་བཏང་ཡོང་ནས་ཚགས་པར་འདིའི་རྒྱ་ཡིག་གི་མིང་མི་ཡག་པ་དང་དེ་བརྗེས་ན་འོས་པའི་དགོངས་འཆར་བཏོན་འདུག་པ་ལྟར། འདོན་ཐེངས་གཉིས་པ་ནས་བཟུང་དེའི་རྒྱ་ཡིག་གི་མིང་ལ晨光校园报ཞེས་བརྗེ་རྒྱུ་ཡིན་ལ། གལ་ཏེ་འདི་རུ་རྩོམ་བསྐུར་མཁན་མང་ཙམ་མཆིས་ན་ཚགས་པར་འདིའི་ཁ་ཕྱོགས་བོད་ཡུལ་སྤྱི་ལ་གཏོད་ངེས་ཡིན།
ཚགས་པར་འདི་ལ་སློབ་གསོའི་སྐོར་གྱི་རྩོམ་ཡིག་བསྐུར་ན། གློག་རྡུལ་ཡིག་ཟམ་ 2294765911@qq.com འདིའི་ནང་ལ་ཧི་མ་ལ་ཡའི་ཡིག་གཟུགས་ཀྱིས་བསྐུར་རོགས་ཞུ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com