ཚྭ་འདམ་གཞོང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བཞི་བ་བསྡུས།
ཚྭ་འདམ་གཞོང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་བོད་རིགས་སློབ་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བཞི་བ་བསྡུས་པ།
ཉེ་ཆར། ཚྭ་འདམ་གཞོང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་བོད་རིགས་སློབ་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བཞི་བ་དེ་ན་གོར་མོ་གྲོང་ཁྱེར་མི་རིགས་སློབ་འབྲིང་ནས་སྤེལ་བ་དང་། ན་གོར་མོ་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུའུ་དང་། ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ། ན་གོར་མོ་གྲོང་ཁྱེར་དྲིལ་སྒྲོག་པུའུ་བཅས་ཀྱིས་འགན་སྒྲུབ་བྱས།
ཐེངས་འདིའི་འགྲན་ཚོགས་ལ་རང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་བདུན་གྱི་སློབ་མ་སུམ་ཅུ་ལྷག་ཞུགས་ཡོད་ལ། དྲང་བོ་དྲང་བཞག་གིས་དཔྱད་འདེམས་བྱས་པ་བརྒྱུད། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གྲོགས་ཁྲང་མེ་སྐྱིད་ལ་བྱ་དགའ་ཨང་དང་པོ་དང་། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གྲོགས་ཀུན་དགའ་དང་གཏེར་ལམ་རྫོང་མཐོ་རིམ་སློབ་འབྲིང་གི་སློབ་གྲོགས་སངས་རྒྱས་སྐྱབས་གཉིས་ལ་བྱ་དགའ་ཨང་གཉིས་པ། འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭའི་སློབ་གྲོགས་ཉི་མ་ལྷ་མོ་དང་། འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭའི་སློབ་གྲོགས་འཇིགས་མེད་ཚུལ་ཁྲིམས། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོའི་སློབ་གྲོགས་འཚོ་སྐྱིད་ལྷ་མོ། འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭའི་སློབ་གྲོགས་ཡེ་ཤེས་སྒྲོལ་མ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ།
དེ་ཡང་ཚྭ་འདམ་གཞོང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་བོད་རིགས་སློབ་མའི་སྙན་ངག་གྱེར་འདོན་གྱི་འགྲན་ཚོགས་འདི་ནི་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་དང་། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས2010ལོ་ནས་བཟུང་གཙོ་སྒྲུབ་གནང་བ་ཡིན་ལ། སྔ་ཕྱིར་མཚོ་ནུབ་ཁུལ་གྱི་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་དང་། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ། གཏེར་ལམ་རྫོང་མི་རིགས་སློབ་འབྲིང་དང་གཏེར་ལམ་རྫོང་མཐོ་རིམ་སློབ་འབྲིང་། ན་གོར་མོ་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭ་བཅས་ཀྱིས་རེས་མོས་ཀྱིས་འགན་སྒྲུབ་བྱས་པ་བརྒྱུད། སྙན་ངག་འགྲན་ཚོགས་ཐེངས་བཞི་ལ་སྤེལ་ཅིང་། འགྲན་ཞུགས་སློབ་མ་བརྒྱ་ཕྲག་ཙམ་ལ་བུད།
སྙན་ངག་གྱེར་འདོན་གྱི་འགྲན་ཚོགས་འདི་བརྒྱུད་ནས། མཚོ་ནུབ་ས་ཁུལ་གྱི་སློབ་འབྲིང་སློབ་མ་དག་གིས་སྙན་ངག་ལ་བཟུང་བའི་འདུ་ཤེས་དང་། སྙན་ངག་གྱེར་འདོན་གྱི་ཁོར་ཡུག་ལེགས་པོ་ཞིག་ལོ་རེ་ནས་ལོ་རེར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་ལྔ་བ་དེ་སང་ལོར་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པས་འགན་སྒྲུབ་བྱས་ནས་བསྒྲུབ་རྒྱུ་ཡིན་ལ། རྗེས་སུ་མཚོ་ནུབ་ས་ཁུལ་གྱི་བོད་རིགས་སློབ་གྲྭ་དག་གིས་རེས་མོས་ཀྱིས་འགན་སྒྲུབ་བྱས་ནས་བྱ་འགུལ་འདིའི་རྒྱུན་མུ་མཐུད་དུ་སྐྱོང་རྩིས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com