ཚྭ་འདམ་རྩོམ་རིག་སྒྱུ་རྩལ་མུ་འབྲེལ་གླེང་སྟེགས་དང་པོ་ཉྭ་ནག་པ་བ་རེས་ཀྱི་བརྩམས་ཆོས་བགྲོ་ཚོགས་འདུ་བསྡུས།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་། བསོད་རྡོ། བོ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-18 09:02:00 ཀློག་གྲངས།:


ཚྭ་འདམ་རྩོམ་རིག་སྒྱུ་རྩལ་མུ་འབྲེལ་གླེང་སྟེགས་དང་པོ་བོད་ཀྱི་རྩོམ་པ་པོ་ཉྭ་ནག་
པ་བ་རེས་ལགས་ཀྱི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་བསྡུས།

      ཉེ་ཆར། བོད་ཀྱི་རྩོམ་པ་པོ་ཉྭ་ནག་པ་བ་རེས་ལགས་ཀྱི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་དེ་མཚོ་ནུབ་དཔེ་མཛོད་ཁང་དུ་བསྡུས་ཤིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གངས་རྒྱན་ན་ཆུང་ཚགས་པར་རྩོམ་སྒྲིག་ཁང་གི་རྒྱུན་ལས་གཙོ་སྒྲིག་གཞོན་པ་རྩོམ་རིག་དཔྱད་བརྗོད་པ་ཚེ་གྲུབ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གངས་རྒྱན་ན་ཆུང་ཚགས་པར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་གཞོན་པ་བོད་ཀྱི་ན་གཞོན་རྩོམ་པ་པོ་དཔལ་ལྡན། བོད་ཀྱི་ན་གཞོན་རྩོམ་པ་པོ་ཕུན་ཚོགས་རྒྱལ། མཚོ་སྔོན་བོད་ཡིག་ཚགས་པར་ཁང་གི་རྩོམ་སྒྲིག་པ་བོད་ཀྱི་ན་གཞོན་སྙན་ངག་པ་ཚེ་རིང་བཀྲ་ཤིས་སོགས་རྩོམ་རིག་དཔྱད་བརྗོད་པ་ཁག་ཅིག་གདན་ཞུ་བྱས་ཏེ་ཉྭ་ནག་པ་བ་རེས་ལགས་ཀྱི་རྩོམ་རིག་ལ་དཔྱད་བརྗོད་གནང་ཞིང་། ས་གནས་ཀྱི་ལས་ཁུངས་སོ་སོ་དང་། བོད་རིགས་སློབ་གྲྭའི་འཐུས་ཚབ་པ་སོགས་བསྡོམས་པའི་མི་སྣ་བདུན་ཅུ་ཙམ་ཐེངས་འདིའི་ཚོགས་འདུ་ལ་ཞུགས།


ཚོགས་འདུའི་ཡུལ་དངོས།

      ཉྭ་ནག་པ་བ་རེས་ལགས་ནི་སྤྱི་ལོ1960ལོར་ཐེམ་ཆེན་རྩྭ་ཐང་དུ་སྐྱེས་པ་ཡིན་ལ། སྤྱི་ལོ1979ལོར་བྱ་བའི་ལས་བགོས་ནང་ཞུགས་ནས་མཚོ་ནུབ་དགེ་ཐོན་སློབ་གྲྭ་རུ་དགེ་རྒན་གྱི་ཕྱག་ལས་གནང་། 1986ལོར་རྩོམ་འབྲི་ལས་ལ་ཞུགས་པ་ནས་སྔ་ཕྱིར་མཁའ་ལ་འཕྱོ་བའི་ཡིད་ཀྱི་བརྩེ་ རླབས་དང་། བརྩེ་མདངས་ལ་འཁྱུད་པའི་སྨོན་འདུན། སྔོན་མོ་སྤང་ལས་འཁྲུངས་པའི་སེམས་ཀྱི་རོལ་མོ། བོང་སྟག་ལོ་རྒྱུས་བློ་ལྡན་འཇུག་ངོགས་སོགས་དཔེ་དེབ་ཁག་ཅིག་རྩོམ་འབྲི་གནང་ནས་རྒྱ་ཆེའི་ཀློག་པ་པོ་དག་ལ་བག་ཆགས་ཟབ་མོ་ཞིག་བཞག ཚོགས་འདུའི་སྟེང་། མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བསོད་ནམས་དོན་གྲུབ་ལགས་ཀྱིས་གཏམ་བཤད་སྤེལ་བ་བརྒྱུད། ཐེངས་འདིའི་དཔྱད་བརྗོད་པ་རེ་རེ་ནས་ཉྭ་ནག་པ་བ་རེས་ལགས་ཀྱི་བརྩམས་ཆོས་ནི་དུས་ག་ཚོད་ཅིག་ལ་ངོ་ཤེས་པ་དང་། ཁོ་ཡི་བརྩམས་ཆོས་ཀྱི་སྒྱུ་རྩལ་གྱི་ཆ་དང་། རོལ་མྱོང་གི་ཆ་སོགས་ནས་དཔྱད་བརྗོད་སྤེལ་ཞིང་། ཚོགས་ར་ཡོངས་ལ་དགའ་སྣང་དང་སྤྲོ་སེམས་ཀྱིས་ཁེངས།


ཚོགས་འདུའི་ཟུར་ཞིག

      ཐེངས་འདིའི་ཚྭ་འདམ་རྩོམ་རིག་སྒྱུ་རྩལ་མུ་འབྲེལ་གླེང་སྟེགས་དང་པོ་ནི་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་གངས་རྒྱན་མེ་ཏོག་ རྩོམ་སྒྲིག་ཁང་གིས་འགན་སྒྲུབ་གནང་བ་ཞིག་ཡིན་ལ། གླེང་སྟེགས་འདི་ནི་ས་གནས་ཀྱི་རྩོམ་པ་པོ་དག་སྐྱེད་སྲིད་བྱེད་པར་དམིགས་ནས་སྒྲུབ་པ་ཞིག་ཡིན་ཞིང་། རྗེས་སོར་ཡང་། གླེང་སྟེགས་འདི་མུ་མཐུད་དུ་རྒྱུན་བསྐྱངས་ནས་ས་གནས་ཀྱི་རྩོམ་པ་པོ་མང་པོ་ཞིག་སྐྱེད་སྲིང་དང་། ཞིང་ཆེན་ཕྱི་ནང་གི་རྩོམ་རིག་དཔྱད་བརྗོད་པ་དག་གདན་ཞུ་བྱས་ཏེ་ཚྭ་འདམ་རྩོམ་རིག་སྒྱུ་རྩལ་མུ་འབྲེལ་གླེང་སྟེགས་དེ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་གཏོང་རྩིས་ཡོད་ལ། རྩོམ་པ་པོའི་དཔུང་སྡེ་གསར་བ་ཞིག་སྐྱེད་སྲིང་བྱས་ཏེ། མཚོ་ནུབ་ཁུལ་གྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ནུས་པ་གང་ལེགས་འདོན་རྩིས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།